ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་28ཉིན་གྱི་སྔ་དྲོར། པེ་ཅིང་གྲོང་ཁྱེར་ཏ་ཤིང་ཆུས་མི་དམངས་ཁྲིམས་ཁང་དང་། ཐེན་ཅིན་གྲོང་ཁྱེར་ཅིང་ཧའེ་ཆུས་མི་དམངས་ཁྲིམས་ཁང་། ཅི་ཀྲོའུ་ཆུས་མི་དམངས་ཁྲིམས་ཁང་། ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ཚའོ་ཧྥེ་ཏན་ཆུས་མི་དམངས་ཁྲིམས་ཁང་། ཧྲང་ཧའེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པ། ཨན་ཧུའེ་ཞིང་ཆེན་ཧྲུའུ་ཁྲེང་རྫོང་མི་དམངས་ཁྲིམས་ཁང་། ཅང་ཤིས་ཞིང་ཆེན་ཧྥེང་ཁྲེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་། ཧྲན་ཏུང་ཞིང་ཆེན་རི་ཀྲའོ་གྲོང་ཁྱེར་ཏུང་ཀང་ཆུས་མི་དམངས་ཁྲིམས་ཁང་། ཧུའུ་པེ་ཞིང་ཆེན་ཡོན་ཨན་རྫོང་མི་དམངས་ཁྲིམས་ཁང་། ཀུའེ་ཀྲོའུ་ཞིང་ཆེན་ན་ཡུང་རྫོང་མི་དམངས་ཁྲིམས་ཁང་། ཡུན་ནན་ཞིང་ཆེན་ལི་ཅང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་བཅས་ཀྱིས་ནག་གཤེད་ཉེས་གསོག་དང་འབྲེལ་བའི་གྱོད་གཞི་ཁག་12ཀྱི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ནས། ནག་གཤེད་ཉེས་གསོག་རྩ་འཛུགས་12དང་ཞུ་སྦྱོར་ཕྱི་མ་163ལ་ཁྲིམས་ལྟར་ཚེ་བཙོན་ནམ་དུས་བཀག་བཙོན་འཇུག་ཟླ་བཅུ་ཡན་གྱི་ཆད་པ་བཅད་པ་རེད།
ད་ཐེངས་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས་པའི་གྱོད་གཞིའི་ནང་དྲ་རྒྱའི་ལས་སྟེགས་དང“འཇམ་པོའི་གཏུམ་སྤྱོད”ཀྱི་བྱ་ཐབས་སྤྱད་དེ་སྒྲིག་འཛུགས་ཡོད་པའི་སྒོ་ནས་ཁྲིམས་འགལ་ངང་དངུལ་བུན་གཏོང་བ་དང་། ཁྲིམས་འགལ་ངང་བུ་ལོན་འདེད་པ། ངལ་ནུས་ལ་བརྟེན་ནས་བསྙད་འདོགས་དངུལ་འཕྲོག་སོགས་ནག་གཤེད་ཉེས་གསོག་རྩ་འཛུགས་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་བ་དང་། “གྲོང་ཁྱེར་གྱི་བཙན་བདག”དང“ཁྲོམ་གཞུང་གི་བཙན་བདག”སོགས་ནག་གཤེད་ཕྱོགས་གཏོགས་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ། ན་སོ་དར་ལ་མ་བབས་པའི་མིས་ཁྲིམས་འགལ་ཉེས་གསོག་དང་ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་ལ་གནོད་འཚེ་བཏང་བའི་ནག་གཤེད་ཉེས་གསོག་རྩ་འཛུགས་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ་བཅས་བྱས་ཡོད། ཐེན་ཅིན་གྲོང་ཁྱེར་ཅི་ཀྲོའུ་ཆུས་མི་དམངས་ཁྲིམས་ཁང་གིས་ཞིབ་གཅོད་བྱས་པའི་ལི་ཆེ་གེ་མོའི་ངན་ཤུགས་ཚོགས་པའི་གྱོད་གཞི་སྟེ། ཞུ་སྦྱོར་ཕྱི་མ་ལི་ཆེ་གེ་མོ་སོགས་ཀྱིས་ཁྲིམས་འགལ་གྱི་ཁེ་ཕན་དོན་གཉེར་བྱ་ཆེད། དུས་ཡུན་རིང་པོའི་ནང་ངེས་གཏན་མེད་པར་མང་ཚོགས་ལ་སྐྱེད་ཆེའི་བུ་ལོན་བཏང་བ་མ་ཟད། ཉེས་རྡུང་གཏོང་བ་དང་། དྲ་ཐོག་ནས་དམའ་འབེབས་གཏོང་བ། བརྙས་བཅོས་རང་བཞིན་གྱི་པར་བསྐུར་བ། ཡིག་ཐོག་དམའ་འབེབས་གཏོང་བ་སོགས་ཀྱི་གཏུམ་སྤྱོད་དང“འཇམ་པོའི་གཏུམ་སྤྱོད”ཀྱི་བྱེད་ཐབས་ལ་བརྟེན་ནས་ཁྲིམས་འགལ་གྱིས་བུ་ལོན་བླངས་པས། གནོད་འཚེ་ཕོག་མཁན་བཅུ་ལྷག་ཙམ་གྱི་མི་ལུས་དང་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཁར། ས་གནས་དེ་གའི་མང་ཚོགས་ཀྱི་སེམས་ནང་དངངས་སྐྲག་བཟོས་པས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་ཏེ་ངན་ཤུགས་ཀྱི་ཚོགས་པ་ཞིག་གྲུབ་པས་ཚོགས་པ་སྒྲིག་མཁན་ལི་ཆེ་གེ་མོར་ཁྲིམས་ལྟར་དུས་བཀག་བཙོན་འཇུག་ལོ་བཞི་དང་ཟླ་བ་དྲུག་བྱས་པ་རེད། ཧྲན་ཏུང་ཞིང་ཆེན་རི་ཀྲའོ་གྲོང་ཁྱེར་ཏུང་ཀང་ཆུས་མི་དམངས་ཁྲིམས་ཁང་གིས་ཞིབ་གཅོད་བྱས་པའི་མཱ་ཆེ་གེ་མོའི་ངན་ཤུགས་ཉེས་གསོག་ཚོགས་པའི་གྱོད་གཞིར། 2024ལོའི་ཟླ་11པ་ནས་2025ལོའི་ཟླ་10པའི་བར་ཞུ་སྦྱོར་ཕྱི་མ་མཱ་ཆེ་གེ་མོ་སོགས་རྒྱུན་དུ་མཉམ་དུ་འཛོམས་ནས་དྲ་སྦྲེལ་ལས་བསྡུའི་ལས་སྟེགས་སྤྱད་དེ་ལས་མིར་བརྫུས་ནས་ཨར་སྐྲུན་ལས་ཡུལ་དུ་བསྐྱོད་དེ། བཟའ་བཏུང་དང་སྡོད་གནས་སོགས་མ་གོམས་པ་རྒྱུ་མཚན་དུ་བྱས་ཏེ་རྐང་བཙུགས་ནས་ཟིང་ཆ་བསླངས་ཤིང་། དམའ་འབེབས་གཏོང་བ་དང་། སྐོར་སྐྱིལ་བྱེད་པ། གློག་སྒོ་བཀག་པ་སོགས་ཀྱི“འཇམ་པོའི་གཏུམ་སྤྱོད”བྱེད་ཐབས་སྤྱད་དེ་ལས་མི་སྤྱོད་མཁན་ཕྱོགས་ནས་ལུགས་དང་མི་མཐུན་པའི་ལམ་གྲོན་དང་ངལ་ནུས་འཐུས་ཤོར་གྲོན་དངུལ་སོགས་བཙན་ཤེད་ཀྱིས་བླངས་པ་དང་། རྩ་འཛུགས་དེས“ངལ་ནུས་བསྙད་འདོགས་དངུལ་འཕྲོག”གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཉི་ཤུ་ལྷག་ཙམ་སྒྲིག་འཛུགས་ལག་བསྟར་བྱས་པ་དང་། ཁྲིམས་འགལ་ངང་ཁེ་བཟང་སྒོར་ཁྲི་ཉི་ཤུ་ལྷག་ཙམ་རག་པ། ཁྲིམས་མེད་ལུགས་མེད་དང་མི་སེར་ལ་བརྙས་བཅོས་གཉའ་གནོན་བྱས་པ། ཨར་སྐྲུན་ལས་རིགས་ཀྱི་ལས་མི་བསྡུ་བ་དང་ཨར་ལས་ཀྱི་སྒྲིག་ལམ་ཚབས་ཆེན་དཀྲུགས་པ། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་ཏེ་ངན་ཤུགས་ཉེས་གསོག་ཚོགས་པ་གྲུབ་པས། ཉེས་ཅན་གཏེ་པོ་མ་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་དྲུག་བྱས་པ་རེད།
ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་ཚུན། རྒྱལ་ཡོངས་ཁྲིམས་ཁང་གིས་མགྱོཌ་མྱུར་བྱ་སྤྱོད་སྤེལ་བ་དང་། འདྲི་གཅོད་ལག་བསྟར་གྱི་གཙོ་འགན་གཙོ་ལས་ལ་གཞི་ཚུཌ་ཏེ། ནག་གཤེད་དང་ངན་ཤུགས་དང་འབྲེལ་བའི་གནད་དོན་མངོན་གསལ་དོད་པའི་གཙོ་གནད་ས་ཁུལ་དང་། གཙོ་གནད་ལས་རིགས། གཙོ་གནད་ཁྱབ་ཁོངས་བཅས་ལ་མུ་མཐུད་དམིཌ་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོཌ་ཀྱི་ཚུར་སྣང་ལན་ཆ་ཆེ་ཤོས་དང་སེམས་ཀྱི་གཏིང་ནས་འཁོན་འཛིན་ཆེ་ཤོས་བྱེད་པའི་ནག་གཤེད་ཕྱོགས་གཏོགས་ཀྱི་ཁྲིམས་འགལ་ཉེས་གསོག་སྣ་ཚོཌ་ལ་དམིགས་ནས་རྡུང་རྡེག་ཚ་ནན་བཏང་སྟེ། ནག་གཤེད་ཕྱོགས་གཏོགས་ཉེས་གསོག་གི་དམ་བསྒྲགས་ཟིལ་གནོན་རྣམ་པ་རྒྱུན་འཁྱོངས་ཀྱིས། སྤྱི་ཚོཌ་ཀྱི་བརྟན་ལྷིང་དང་མི་དམངས་ཀྱི་བདེ་འཇཌ་ལ་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།