《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年09月15日

ཁེ་དབང་ལ་བརྟེན་ནས་དམངས་ཆེད་ཁྲིམས་འཛིན་པ།

ཝང་ཅེ་ཞུའེ།

“ཁ་མཆུ་ཐོབ་ནའང་དངུལ་རག་མ་བྱུང”ཞེས་པ་ནི་དེ་སྔོན་ཁེ་དབང་སྲུང་སྐྱོང་བྱེད་རིང་མང་ཚོགས་མི་ཉུང་བར་འཕྲད་པའི་དཀའ་གནད་ཆེ་ཤོས་ཤིག་རེད། ཁ་མཆུ་ཐོབ་པའི་དཔྱད་ཁྲ་དེ་དྲང་བདེན་རེད་སྙམ་ཡང་། དོན་དངོས་ཐོག་ལག་བསྟར་བྱེད་དཀའ་བའི་དབང་གིས་མངོན་འགྱུར་ཡོང་ཐབས་བྲལ་བའི“བཅའ་ཁྲིམས་ཀྱི་འཛིན་ཤོག་དཀར་པོ”ཞིག་ཏུ་གྱུར་ཡོད། ཉེ་ཆར། དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས་ལག་བསྟར་སྣོལ་མ་བྱས་པ་བརྒྱུད། ཉིན་ལྔ་ལས་མ་འགོར་བར་དོ་བདག་ལ་ལས་གྲྭའི་དངུལ་སྒོར་ཁྲི་བརྒྱ་ལྷག་ཙམ་བསློགས་ཤིང་། ལོ་བདུན་ཙམ་ཐག་མ་ཆོད་པའི་དཀའ་གནད་བསལ་ཏེ་གཞི་རིམ་ཁྲིམས་ཁང་གིས་ལག་བསྟར་གྱི་དཀའ་གནད་སེལ་བར་གསོན་ཉམས་དོད་པའི་མ་དཔེ་མཁོ་འདོན་བྱས་ཡོད།

ལག་བསྟར་སྣོལ་མ་ཞེས་པ་ནི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཉེ་བའི་ལོ་ཤས་རིང་ཁྱབ་གདལ་ཤུགས་ཆེན་བཏང་བའི་ལག་བསྟར་གྱི་སྒྱུར་བཅོས་བྱེད་ཐབས་ཤིག་རེད། དེའི་ལྟེ་བའི་རིན་ཐང་དེ་སྲོལ་རྒྱུན་གྱི་གཏོགས་ཁོངས་ཀྱི་ལག་བསྟར་བྱེད་སྟངས་ཀྱི་འཆིང་རྒྱ་ལས་བསྒྲལ་བ་དང་། ས་ཁོངས་ཀྱི་ཚོད་འཛིན་ལས་བརྒལ་བ། ལག་བསྟར་གྱི་འཇུར་མིག་བསལ་བ། རྒྱུ་ནོར་འཚོལ་དཀའ་བ་དང་ཕྱི་རོལ་གྱི་འགོག་རྐྱེན་མང་བ་སོགས་ཀྱི་རྙིང་ཆེ་དཀའ་གསུམ་གྱི་གནད་དོན་ཐག་གཅོད་བཅས་བྱས་ཏེ། ཡུན་རིང་ལག་བསྟར་བྱས་ཀྱང་ཐག་གཅོད་མ་ཐུབ་པའི་དཀའ་གནད་སེལ་རྒྱུ་རེད། དེ་ནི་དུས་རབས་གསར་པར་ལག་བསྟར་དཀའ་བའི་གནད་དོན་ཐག་གཅོད་བྱེད་པའི་འགག་རྩའི་ལམ་ལུགས་ཀྱི་དམ་འཛིན་བྱ་གཞི་ཞིག་རེད།