འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་དུས་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་གི་ཉེན་རྟོག་དཔོན་སློབ་གྲྭར་གདན་དྲངས་ཏེ། ལོ་རིམ་དྲུག་པའི་སློབ་མ་ཚོར་དབྱིངས་ཞུགས་རྣམ་པའི་ཁྲིམས་སྐྱོང་བདེ་འཇགས་སློབ་གསོའི་སྐོར་སློབ་ཁྲིད་བྱས་པ་རེད།
མི་དམངས་ཉེན་རྟོག་པས་དཔེ་མཚོན་གྱི་གྱོད་དཔེ་དྲངས་ནས་བཅའ་ཁྲིམས་ལ་འགྲེལ་བཤད་རྒྱག་པ་དང་། སློབ་གྲྭའི་བརྙས་བཅོས་བྱེད་སྤྱོད་ཀྱི་ངེས་གཏན་དང་། གནོད་འཚེའི་མཇུག་འབྲས། བཅའ་ཁྲིམས་ཀྱི་དམར་ཐིག་བཅས་ལ་འགྲེལ་བཤད་རྒྱག་པ། སློབ་མ་ཚོས་ཡིན་མིན་གསལ་འབྱེད་དང་འཆམ་མཐུན་ཡོང་བར་ཁྲིད་སྟོན་བཅས་བྱས་པས། སློབ་གྲྭའི་བརྙས་བཅོས་ཀྱི་བྱེད་སྤྱོད་ལ་ངོས་འཛིན་གཏིང་ཟབ་ཐུབ་ཡོད། དེ་དང་ཆབས་ཅིག《ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》ལ་དམིགས་ནས་དབང་སྲུང་ཤེས་བྱ་ཁྱབ་གདལ་བཏང་སྟེ་སློབ་མ་ཚོར་གནོད་འཚེར་ཚན་རིག་དང་མཐུན་པའི་ངང་ཁ་གཏད་གཅོག་པ་དང་ཁྲིམས་ལྟར་རང་ཉིད་ལ་སྲུང་སྐྱོང་བྱ་རྒྱུའི་སྐོར་བསླབས་ཡོད། གཞོན་ནུ་ལོ་ཆུང་གི་དྲ་རྒྱ་སྤྱོད་པའི་ཁྱད་ཆོས་ལ་དམིགས་ནས་མི་དམངས་ཉེན་རྟོག་པས་རོལ་རྩེད་ལ་དངུལ་བླུགས་པ་དང་དགའ་ཉེ་སྤུན་མཆེད་ལ་བརྫུས་ནས་དངུལ་གཡར་བ་སོགས་ཀྱི་མགོ་སྐོར་གཏོང་ཐབས་མང་པོར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། ངོ་ཐུག་སྤེལ་རེས་བྱེད་པ་དང་འདྲི་བར་ལན་བཏབ་པ་བརྒྱུད་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་འགོག་སྲུང་གི་ཐབས་ལམ་བསླབས་ཏེ་སློབ་མར་དྲ་རྒྱའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་རྒྱུར་ཁྲིད་སྟོན་བྱས་པ་རེད།
ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་གཙོ་གཉེར་བདེ་འཇགས་འཕྲོད་བསྟེན་ལས་དོན་གྱི་འགན་འཁུར་བས། ད་ཐེངས་ཀྱི་དྲིལ་བསྒྲགས་ནང་དོན་དེ་སློབ་མའི་རྒྱུན་གཏན་དང་སློབ་གྲྭའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཧ་ཅང་ཆེན་པོ་ལྡན་པས་སློབ་མ་ཡོངས་ཀྱི་ཁྲིམས་སྐྱོང་བྱང་ཚད་དང་བདེ་འཇགས་ཀྱི་རང་སྲུང་ནུས་པ་ཆེ་རུ་ནུས་ལྡན་འགྲོ་རྒྱུ་རེད། སློབ་གྲྭས་ཁྲིམས་སྐྱོང་བདེ་འཇགས་ཀྱི་སློབ་གསོའི་ལས་དོན་མུ་མཐུད་སྤེལ་ཏེ་མི་སྐྱོང་རྣམ་པའི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་དང་། སློབ་གྲྭའི་བདེ་འཇགས་ཀྱི་འགོག་སྲུང་མ་ལག་ཚགས་དམ་དུ་བཏང་སྟེ། ཁྲིམས་སྐྱོང་གི་ནུས་པར་བརྟེན་ནས་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་རམ་འདེགས་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།