འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། པེ་ཅིང་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དང་མཉམ་དུ་བོད་དམག་ཁུལ་ཁང་གི་པུའུ་ཞིག་གི་མཐའ་སྲུང་འཐབ་ས་དང་པོར་ཆེད་དོན་འོས་འགན་སྨན་བཅོས་ཞབས་ཞུའི་བྱེད་སྒོ་སྤེལ་ཞིང་། སྨན་བཅོས་ཚོགས་པས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་དང་སྙིང་ཉེ་བའི་བདེ་ཐང་ཞབས་ཞུ་མཐའ་མཚམས་ཀྱི་སོ་ལྟ་ཁང་དུ་སྤེལ་ཏེ་སྨན་བཅོས་གནད་སྨིན་ལ་བརྟེན་ནས་མཐའ་སྲུང་དཔོན་དམག་ཚོར་དྲོ་སྐྱིད་སྦྱིན་པ་རེད།
ས་བབ་མཐོ་ཞིང་གནམ་གཤིས་གྲང་ལ་གསོ་རླུང་དཀོན་པ་དང་ཉིན་མཚན་གྱི་དྲོད་ཚད་ལ་ཧེ་བག་ཆེ་བ་ནི་གངས་ལྗོངས་ས་མཐོའི་རྒྱུན་རྣམ་གྱི་གནམ་གཤིས་ཁྱད་ཆོས་ཤིག་རེད། དེར་བརྟེན། དེ་གར་བཅའ་སྡོད་བྱེད་མཁན་དཔོན་དམག་ཚོར་གློ་སྙིང་མི་བདེ་བ་དང་། རུས་ཚིགས་ན་བ། གཉིད་མི་ཁུག་པ། ཐང་ཆད་པ། ཕོ་རྒྱུའི་གཅོང་ནད་སོགས་རྒྱུན་ཐོན་ནད་ཕོག་སླ་པོ་ཡོད། དེ་ཡང་བཅའ་སྡོད་བྱ་ཡུལ་དུ་སྨན་བཅོས་ཀྱི་ཐོན་ཁུངས་བལྟོས་བཅས་ཀྱིས་ཁ་ཐང་བ་དང་དུས་རྒྱུན་སྨན་པ་བསྟེན་པ་དང་སྨན་བཅོས་བྱེད་པར་སྟབས་མི་བདེ་བ་མང་པོ་ཡོད་པར་དམིགས་ཏེ། པེ་ཅིང་བོད་སྐྱོར་སྨན་བཅོས་རུ་ཁག་གིས་བཅའ་སྡོད་དཔུང་སྡེར་རང་འགུལ་ངང་འབྲེལ་བ་བྱས་ནས་ཁོག་ནད་ཚན་ཁག་དང་། རུས་ཚིགས་ཚན་ཁག སྙིང་ནད་ཚན་ཁག དབུགས་ལམ་ཚན་ཁག མིག་ནད་ཚན་ཁག་སོགས་རིག་ཚན་མང་པོའི་རིགས་གཅིག་མཁས་ཅན་སྐོང་འཐེན་གྱིས་དཔོན་དམག་ཚོར་རིན་མེད་ཀྱི་གཟུགས་པོ་བརྟག་དཔྱད་དང་། ནད་ངོ་འཛིན་པ། སྨན་སྤྱོད་མཛུབ་ཁྲིད། བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་བ་བཅས་བྱས་པ་རེད།
ད་ཐེངས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོ་ནི་ས་མཐོའི་མཐའ་སྲུང་དཔོན་དམག་གི་དགོས་མཁོ་དངོས་དང་འཚམ་པ་མ་ཟད། སྨན་བཅོས་ཚོགས་པས་རྩེར་སོན་གྱི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་དཔོན་དམག་ཚོའི་བདེ་ཐང་ལ་སྲུང་སྐྱོང་བྱས་པས། དཔོན་དམག་ཚོས་རིམ་ཁག་ཏང་ཨུད་ཀྱི་ཐུགས་ཁུར་དང་དྲོ་སྐྱིད་དངོས་འབྲེལ་ཚོར་ཡོད་ལ་དཔོན་དམག་ཚོའི་ས་མཐོར་གཞི་ཚུགས་པ་དང་རྒྱལ་སྲུང་མཐའ་སྲུང་གི་ངར་ཤུགས་སྔར་བས་འཕེལ་ཡོད།