འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་དམག་ཁུལ་ཁང་གི“དཔེ་དམག་གཞི་རིམ་དུ་སྐྱོད”ཅེས་པའི་སྐོར་སྐྱོད་སྒྲོག་འགྲེལ་ཚོགས་པས་བོད་ཀྱི་ལུའེ་ཤོག་ཅིག་གི་ཕྱི་རོལ་དུ་བཅའ་སྡོད་སྦྱོང་བརྡར་བྱ་ཡུལ་དུ་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། ཀུའོ་ཧུང་དང་། ཚེ་ནོར་བུ། ཁྲེན་ཧང་སོགས་ལས་གནས་མི་འདྲ་ཞིང་གཟི་བརྗིད་མཚན་སྙན་ཐེངས་མང་ཐོབ་མྱོང་བའི་དཔེ་དམག་གི་རྐང་འཛིན་པ་ལྔ་ཡིས་ལུའེ་ཤོག་དེའི་དཔོན་དམག་ལ་སྔོན་ཐོན་བྱས་རྗེས་མཉམ་སྤྱོད་བྱས།
སྒྲོག་འགྲེལ་བྱེད་རིང་། རིམ་པ་གཉིས་པའི་ཧྲང་ཧྲེ་པན་ཀྲང་ཚེ་ནོར་བུས་འགན་འཁྲི་ཁུར་སེམས་ལ་བརྟེན་ནས་ལྷག་བསམ་ཟོལ་མེད་ལ་གསལ་འགྲེལ་བྱས་པ་དང་། ཀྲུང་ཞའོ་དམག་དཔོན་གཙོ་བོ་ཀུའོ་ཧུང་གིས་གསར་བརྗེའི་སློབ་གསོར་གཞི་ཚུགས་ནས་དཔུང་སྡེའི་སྣེ་ཁྲིད་དེ་གྲུབ་འབྲས་བཟང་པོ་ཐེངས་མང་བཏོད་པ། ཧྲའོ་ཝེ་དམག་དཔོན་ཕའེ་ཀྲང་ཁྲེན་ཧང་གིས་རྨས་སྐྱོན་ཕོག་ཀྱང་རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་ནང་ཞུགས་ནས་ཨང་དང་པོ་བླངས་པ། ཀྲུང་ཝེ་དམག་དཔོན་ལེན་ཀྲང་གཞོན་པ་ལི་ཁྲེང་ལུང་གིས་རྒྱལ་སྤྱིའི་འགྲན་རར་ཐེངས་གསུམ་ཞུགས་ཏེ། བྱ་དགའ་དང་རྟགས་མ་མང་པོ་བླངས་ནས་འགྲན་བསྡུར་གྱི་ཟིན་ཐོ་མང་དག་ཅིག་གསར་དུ་བཏོད་ཡོད།
སྒྲོག་འགྲེལ་མཇུག་འགྲིལ་རྗེས། དཔེ་དམག་ལྔ་ཡིས་གཞི་རིམ་གྱི་པན་ཤོག་དང་ཕའེ་ཤོག་ཏུ་བསྐྱོད་དེ། དཔོན་དམག་དང་ངོ་ཐུག་གདོང་འཕྲད་ཀྱིས་བཞུགས་མོལ་སྤེལ་རེས་བྱས་ནས་ས་ཡུལ་དངོས་སུ་སྦྱོང་བརྡར་སྐབས་དཀའ་ངལ་འཕྲད་ན་ཚད་བརྒལ་ཇི་ལྟར་བྱེད་དགོས་མིན་དང་ལས་རིགས་ཀྱི་འཆར་འགོད་ཇི་ལྟར་འགོད་དགོས་མིན་སོགས་ཐད་ཀྱི་དཔོན་དམག་ཚོའི་དོགས་གཞིར་ལན་བཏབ་ཡོད།