《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年08月25日

ཁྲིམས་འཛིན་གྱིས་གཞི་རིམ་ལ་མཉམ་ཤུགས་བཏོན་པ།

—— ལྷོ་བྲག་རྫོང་མི་དམངས་ཁྲིམས་ཁང་གི་གྱོད་དཔེ་ཞིག་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྣ་མང་འདུམ་འགྲིག་གྱོད་དཔེའི་མཛོད་ནང་བཅུག་པ།

བཟའ་ཚང་ཁ་བྲལ་རྩོད་གཞིའི་ཁྲོད་ཕྲུ་གུ་གསོ་སྐྱོང་དབང་ཆའི་གཏོགས་ཁོངས་དང་། བཟའ་ཚོའི་ཐུན་མོང་གི་རྒྱུ་ནོར། ཐུན་མོང་གི་བུ་ལོན། གཉེན་སྒྲིག་ཁོངས་ཀྱི་རྒྱུ་ནོར་གཞན་དག་བགོ་བཤའ་བཅས་ནི་རྒྱུན་དུ་རྩོད་གླེང་ཅུང་ཆེ་བའི་ནང་དོན་ཡིན་ཞིང་། བདེ་ཆེ་གེ་མོས་བཟའ་ཚང་ཁ་བྲལ་རྒྱུའི་ཞུ་གཏུག་རྒྱག་སྐབས་ཀྱང་གནད་དོན་དེ་རིགས་འཕྲད་ཡོད། འོན་ཀྱང་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་མི་དམངས་ཁྲིམས་ཁང་ལྷ་ཁང་ལྟེ་བའི་མི་དམངས་ཁྲིམས་རས་གྲོང་མི་ཨུ་ལྷན་དང་མི་དམངས་འདུམ་འགྲིག་སྟོབས་ཤུགས་ལ་བརྟེན་ནས་འདུམ་འགྲིག་ལས་དོན་ངང་རྒྱུད་རིང་པོས་སྤེལ་བས་བདེ་ཆེ་གེ་མོའི་རེ་ཞུ་དངོས་འབྲེལ་ཐག་གཅོད་ཐུབ་ཡོད། ཉེ་ཆར། གྱོད་དཔེ་དེ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྣ་མང་འདུམ་འགྲིག་གྱོད་དཔེའི་མཛོད་ནང་བཅུག་ནས་ལྷོ་ཁ་གྲོང་ཁྱེར་གྱི་གྱོད་དཔེ་དང་པོར་གྱུར་ཡོད།

གྱོད་གཞིའི་དོ་བདག་བདེ་ཆེ་གེ་མོ(བུད་མེད)དང་བསྟན་ཆེ་གེ་མོ(སྐྱེས་པ)གཉིས་གཉེན་སྒྲིག་བྱས་རྗེས་བུ་མོ་གཉིས་སྐྱེས་ཤིང་། ཕྱིས་སུ་ཁྱིམ་ཚང་གི་དོན་དག་ཙག་ཙིག་གི་དབང་གིས་རྩོད་པ་ཡང་ཡང་ཤོར་བ་མ་ཟད། བཟའ་ཚོ་གཉིས་ཀྱི་འབྲེལ་བའང་ཇེ་སྡུག་ཏུ་སོང་ནས་མིང་ཡོད་དོན་མེད་དུ་གྱུར། བདེ་ཆེ་གེ་མོས་ཁྲིམས་ཁང་དུ་ཞུ་གཏུག་རྒྱག་པར་བསྐྱོད་དེ་གཉེན་སྒྲིག་གི་འབྲེལ་བ་གཅོད་རྒྱུའི་རེ་བ་བཏོན་པ་མ་ཟད། རྒྱུ་ནོར་བགོ་བཤའ་དང་ཕྲུ་གུའི་གསོ་དབང་གཏན་འཁེལ་བྱ་རྒྱུའི་རེ་བའང་བཏོན།

ལྷ་ཁང་ལྟེ་བའི་མི་དམངས་ཁྲིམས་རར་ཁྲིམས་སྦྱོར་དཔྱད་ཡིག་འབྱོར་རྗེས། འཕྲལ་མར་ཁོངས་གཏོགས་གྲོང་མི་ཨུ་ལྷན་དང་མི་དམངས་འདུམ་འགྲིག་ཨུ་ལྷན་གདན་དྲངས་ནས་འདུམ་འགྲིག་ཚོགས་ཆུང་བཙུགས་ཏེ་མཉམ་འབྲེལ་ཐོག་ལས་དོན་སྤེལ་བ་རེད།

འདུམ་འགྲིག་ཚོགས་ཆུང་གིས་བདེ་ཆེ་གེ་མོ་དང་བསྟན་ཆེ་གེ་མོ་སོ་སོ་དང་སྤེལ་རེས་བྱས་པ་བརྒྱུད། ཕྱོགས་གཉིས་ཀས་བཟའ་ཚང་ཁ་བྲལ་རྒྱུར་མོས་མཐུན་བྱུང་མོད། འོན་ཀྱང་ཕྲུ་གུའི་གསོ་སྐྱོང་དབང་ཆའི་གཏོགས་ཁོངས་དང་། བཟའ་ཚོ་ཐུན་མོང་གི་རྒྱུ་ནོར། ཐུན་མོང་གི་བུ་ལོན། དེ་བཞིན་གཉེན་སྒྲིག་ཁོངས་ཀྱི་རྒྱུ་ནོར་གཞན་དག་བགོ་བཤའ་རྒྱག་པ་བཅས་ཐད་རྩོད་གཞི་ཆེ་ཙམ་ཡོད་པ་ཤེས་རྟོགས་བྱུང་།

བར་འདུམ་བྱས་པ་བརྒྱུད། བདེ་ཆེ་གེ་མོ་དང་བསྟན་ཆེ་གེ་མོ་གཉིས་ཀྱིས་མཐུན་སྦྱོར་གྲོས་མཐུན་བཞག་པ་སྟེ། གཉེན་སྒྲིག་གི་འབྲེལ་བ་རང་མོས་ངང་མཚམས་བཅད་པ་དང་འབྲེལ། དམངས་སྲིད་སྡེ་ཚན་ལ་བཟའ་ཚང་ཁ་བྲལ་རྒྱུའི་ཐོ་འགོད་རེ་ཞུ་འབུལ་བ་དང་། བུ་མོ་གཉིས་ཕྱོགས་གཉིས་ཀས་རེ་རེ་གསོ་སྐྱོང་བྱས་ནས་ཕན་ཚུན་གསོ་རྟེན་སྤྲོད་མི་དགོས་རྒྱུ་དང་ཕྱོགས་གཉིས་ཀར་ཕྱོགས་གཞན་དེས་གསོ་སྐྱོང་བྱེད་པའི་ཕྲུ་གུ་ཐུག་འཕྲད་བྱེད་དབང་ཡོད། རྒྱུ་ནོར་བགོ་བཤའ་རྒྱག་པའི་ཐད། གྱོད་འབྲེལ་གཉེན་སྒྲིག་རྗེས་ཀྱི་ཐུན་མོང་གི་ཁང་པ་དེ་བསྟན་ཆེ་གེ་མོར་དབང་བ་དང་། བསྟན་ཆེ་གེ་མོས་ཁང་པའི་ཚོད་རྩིས་རིན་གོང་ལྟར་བདེ་ཆེ་གེ་མོར་དེ་མཚུངས་ཀྱི་གུན་གསབ་དངུལ་སྤྲོད་རྒྱུ་དང་། བཟའ་ཚང་ཁ་མི་བྲལ་རིང་གི་བཟའ་ཚོའི་ཐུན་མོང་གི་བུ་ལོན་དེ་ཕྱོགས་གཉིས་ཀས་ཆ་སྙོམས་ཀྱིས་བགོས་ནས་ཐུན་མོང་ཐོག་འཇལ་རྒྱུ། ཁང་པ་ཕུད་པའི་གཉེན་སྒྲིག་ཁོངས་ཀྱི་ཐུན་མོང་རྒྱུ་ནོར་གཞན་དག་འདྲ་མཉམ་ལུགས་མཐུན་གྱི་རྩ་དོན་ལྟར་ཕྱོགས་གཉིས་ཀར་ཆ་སྙོམས་ཀྱིས་བགོ་བཤའ་རྒྱག་རྒྱུ་དང་རང་སོ་སོའི་མིང་འོག་གི་རྒྱུ་དངོས་དག་རང་སོ་སོར་དབང་རྒྱུ་བཅས་རེད།

(པད་ཆོས་ཀྱིས་བསྒྱུར། བདེ་སྐྱིད་ཀྱིས་སྒྱུར་ཞུས་བྱས)