འདི་ག་ཚགས་པར་ཁང་དུ་རྒྱལ་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ“ཞིབ་དཔྱོད་ཁང་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལག་གདང་སྦྲེལ་ནས་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱེད། ཁ་བའི་ལྗོངས་ཀྱི་ཡ་རབས་ཁྱིམ་སྲོལ་ལས་བྱིས་པའི་ཡིད་ཀྱི་ཞིང་ས་བརླན” ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། རྣམ་པ་སྣ་ཚོགས་དང་མང་ཚོགས་དང་ཉེ་བར་བཅར་བའི《ཁྱིམ་ཚང་སློབ་གསོའི་སྐུལ་སྤེལ་བཅའ་ཁྲིམས》ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། དེའི་དམིགས་ཡུལ་ནི་ཁྱིམ་ཚང་སློབ་གསོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་ཆེད་ཁྱིམ་ཚང་དང་ཁྲིམས་སྐྱོང་གི་འགོག་རགས་བརྟན་པོ་བསྐྲུན་རྒྱུ་དེ་རེད།
རྒྱལ་རྩེ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གཞོན་པ་བློ་བཟང་དོན་གྲུབ་ཀྱིས། ད་ཐེངས་ཀྱི་དྲིལ་བསྒྲགས་ལས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱིས《ཁྱིམ་ཚང་སློབ་གསོའི་སྐུལ་སྤེལ་བཅའ་ཁྲིམས》ཤེས་རྟོགས་ཐུབ་ཚད་དང་མོས་སེམས་ཟབ་ཏུ་ནུས་ལྡན་ཕྱིན་པ་དང་། ཁྱིམ་བདག་གིས་ཁྲིམས་ལྟར་ལྟ་སྐྱོང་འགན་འཁྲི་སྒྲུབ་པའི་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་སོང་བ་མ་ཟད། ཁྱིམ་ཚང་དང་། སློབ་གྲྭ། སྤྱི་ཚོགས། དྲ་བ། སྲིད་གཞུང་། ཁྲིམས་འཛིན་བཅས“ཕྱོགས་དྲུག་གཞི་གཅིག”གི་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་བཀོད་པ་ཆེན་པོ་ཞིག་གཏོད་ཆེད་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་བསྐྲུན་ཡོད་ཅེས་བརྗོད་པ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)