ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་མིག་མདོ་ཤང་དུ་མང་ཚོགས་ལ་འགལ་ཟླ་དང་རྩོད་གཞི་འཕྲད་སྐབས་ཐོག་མར་དྲན་པ་ནི་ཤང་དེའི་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས་ཕུན་ཚོགས་ཡིན་པ་དང་། ཁོང་ལ་ཚང་མས་བརྩེ་བ་ཆེན་པོས“ཀྲུའུ་ཞི་ཨ་ཕོ”ཞེས་འབོད་ཀྱི་ཡོད།
“ཁོང་ནི་ནང་དོན་ཟབ་པའི་ཚིག་མཛོད་ཅིག་དང་དྲང་གཞག་ཆེ་བའི་རྒྱ་མ་ཞིག་དང་འདྲ་བས། ཀྲུའུ་ཞི་ཨ་ཕོས་བཤད་ཕྱིན་ཚང་མས་མི་ཉན་པ་གཅིག་ཀྱང་མེད”ཅེས་མིག་མདོ་ཤང་མིག་མདོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་ཚེ་རིང་གིས་བཤད།
2025ལོའི་ཟླ་བ་ལྔ་པར་དབྱར་རྩྭ་དགུན་འབུ་འཐུ་རིང་། ཤང་ནང་གི་ནོར་20ལྷག་ཙམ་ས་མཚམས་བསྒྲལ་ཏེ་གསེར་གདོང་ཤང་གི་འབྲོག་རར་འཛུལ་བ་མ་ཟད། ཤང་དེའི་མང་ཚོགས་ཚོས་བདག་སྐྱོང་བྱས་པའི་གཟན་རྩྭའང་བཟས་པས། ཁྱིམ་མཚེས་ཤང་གི་མང་ཚོགས་དང་རྩོད་གཞི་བྱུང་བ་རེད།
“ཤང་གཉིས་ས་འབྲེལ་ཡིན་ལ་ཕན་ཚུན་གཉེན་བསྒྲིགས་པའི་དུད་ཚང་བཅུ་ཕྲག་ཁ་ཤས་ཡོད་པ་མ་ཟད། དུས་རྒྱུན་འབྲེལ་བའང་ཧ་ཅང་ཡག་པོ་ཡོད། འོན་ཀྱང་ངེད་ཤང་གི་མང་ཚོགས་ཀྱིས་མགོ་ཕྱུགས་ལ་བདག་པོ་ཡག་པོ་མ་བརྒྱབ་པར་ཡུན་རིང་རང་གར་གློད་པར་བརྟེན་ས་མཚམས་བརྒལ་ནས་ཤང་གཉིས་དབར་འགལ་ཟླ་ཆགས་པའི་རྐྱེན་དུ་གྱུར་ཡོད”ཅེས་བཀྲ་ཤིས་ཕུན་ཚོགས་ཀྱིས་བཤད།
གནས་ཚུལ་འབྱོར་རྗེས། བཀྲ་ཤིས་ཕུན་ཚོགས་ཀྱིས་འཕྲལ་མར་ཤང་གི་ལས་བྱེད་པ་གཉིས་ཁྲིད་དེ་རྐང་ཐང་མར་ཆུ་ཚོད་གསུམ་ཙམ་རི་ལམ་ཀྱག་ཀྱོག་བརྒྱུད་ས་ཡུལ་དངོས་ལ་བསྐྱོད་ཅིང་། དེ་དུས་ཁྱིམ་མཚེས་ཤང་གི་མང་ཚོགས་5འབྲོག་རའི་ཟུར་ཞིག་ཏུ་བསྡད་དེ་ཕན་ཚུན་སེམས་རྣལ་དུ་ཕབ་མི་ཐུབ་པར་ལབ་གླེང་བྱེད་བཞིན་ཡོད་པ་རེད།
“ཡུལ་མི་ཚོ། དགོངས་པ་མ་ཚོམས། ང་ཚོས་དོ་དམ་ཡག་པོ་མ་བྱས་པའི་རྐྱེན་གྱིས་ནོར་ཁྱུ་ཁྱེད་ཚོའི་རྩྭ་རར་ཤོར་འདུག ངས་ང་ཚོའི་ཤང་གི་མང་ཚོགས་ཀྱི་ཚབ་བྱས་ནས་ཁྱེད་ཚོར་དགོངས་དག་ཞུ་གི་ཡིན”ཞེས་བཀྲ་ཤིས་ཕུན་ཚོགས་ཀྱིས་གོམ་སྟབས་མགྱོགས་པོས་མདུན་དུ་བསྐྱོད་ནས་རང་འགུལ་ངང་མང་ཚོགས་ལ་གུས་འདུད་ཞུ་བཞིན་དུ་བཤད།
མང་ཚོགས་ཀྱི་ཁོང་ཁྲོ་འཇགས་རྗེས། ཁོང་གིས“ང་ཚོ་ཤང་གཉིས་པོ་མི་རབས་ནས་མི་རབས་བར་ཁྱིམ་མཚེས་ཡིན་ལ། གཉེན་ཉེའི་འབྲེལ་བའང་ཆགས་པས། ད་ལོ་ནོར་གྱིས་བཟས་པའི་རྩྭ་ཕྱི་ལོར་སྐྱེ་རྒྱུ་ཡོད་པས། གནད་དོན་ཆུང་ཙག་གིས་ང་ཚོའི་དབར་གྱི་ལོ་མང་ཁྱིམ་མཚེས་འབྲེལ་བར་ཕོག་ཐུག་གཏོང་མི་རུང་། ཕྱིར་ལོག་རྗེས། ངས་ངེས་པར་དུ་ཚང་མར་སྒོ་ཕྱུགས་ལ་དོ་དམ་ཡག་པོ་བྱེད་དུ་བཅུག་ནས་གནས་ཚུལ་དེ་རིགས་སླར་ཡང་མི་ཐོན་པ་བྱ་རྒྱུ་ཡིན”ཞེས་མི་སེམས་ལ་བབས་པའི་སྐད་ཆ་དེ་ལྟར་བཤད་པས། ཁྱིམ་མཚེས་ཤང་གི་མང་ཚོགས་ཀྱི་ཁོང་ཁྲོ་རིམ་བཞིན་འཇགས་ནས་མགོ་བོ་ལྕོག་ལྕོག་བྱས།
འགལ་ཟླ་འདུམ་འགྲིག་གི་ལས་དོན་སྒྲུབ་རིང་། བཀྲ་ཤིས་ཕུན་ཚོགས་ཀྱིས་འབྱུང་རྩ་ནས་མང་ཚོགས་དབར་གྱི་འགལ་ཟླ་དང་རྩོད་གཞི་སེལ་དགོས་ན། གནས་ཚུལ་ཐོན་རྗེས་ཀྱི་འདུམ་འགྲིག་དང་། ཁ་ཏ་བསླབ་བྱ་བྱེད་པ་ཙམ་གྱིས་རྩ་བ་ནས་ཐག་གཅོད་མི་ཐུབ་པ་དང་། མང་ཚོགས་ཀྱི་ཁྲིམས་ལུགས་ཀྱི་འདུ་ཤེས་དང་ཤེས་དཔལ་གྱི་བྱང་ཚད་མཐོ་རུ་གཏོང་བར་འབྱུང་རྩ་ནས་འགལ་བ་དང་རྩོད་གཞི་ཐོན་ཉེའི་རྐྱེན་ངན་བསལ་ཚེ་གཞི་ནས་ཁྱིམ་མཚེས་གྲོང་ཚོ་གཉིས་དབར་ཞི་མཐུན་མཉམ་གནས་དང་འཆམ་མཐུན་གྱི་ཡུལ་སྲོལ་བཟང་པོ་ཞིག་ཆགས་ཐུབ་པའི་ངོས་འཛིན་བྱས།
དེར་བརྟེན་ཁོང་གིས་སྣེ་ཁྲིད་དེ“ཁྲིམས་ལུགས་ཁྱབ་གདལ་རུ་ཁག”བཙུགས་ཐོག་རང་ཉིད་ཀྱིས་རུ་དཔོན་གྱི་འགན་ཁུར་ནས་དུས་ཚིགས་རེར་ཉུང་མཐར་ཡང་མང་ཚོགས་ཁྲོད་ཐེངས་10ལྷག་ཙམ་བསྐྱོད་དེ་མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆའི་ཐོག་ནས་ཁྲིམས་ལུགས་སྒྲོག་འགྲེལ་བྱེད་ཀྱི་ཡོད།
རྩྭ་རའི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་སྐོར་གླེང་སྐབས། ཁོང་གིས“ཁྱེད་ཁྱིམ་གྱི་འབྲི་གཡག་གིས་གཞན་གྱི་འབྲོག་རའི་རྩྭ་བཟས་ཚེ་སྦྱིན་བདག་གིས་ཉེས་རྡུང་གཏོང་སྲིད་དམ། གནས་ལུགས་དེ་དང་འདྲ་བར་རྩྭ་རར་ལག་ཁྱེར་དང་ས་མཚམས་ཡོད་པས། དེ་ལས་བརྒལ་ཚེ་ཁྲིམས་ལས་འགལ་བ་ཡིན”ཞེས་བཤད། ལས་འགན་ཁུར་ཚུན། རིམ་རྩིས་བརྒྱབ་ན་ཁོང་གིས་སྒྲོག་འགྲེལ་ཐེངས་50ལྷག་ཙམ་བྱས་ནས་མང་ཚོགས་མི་ཐེངས་300ལྷག་ཙམ་ལ་ཕན་པ་བསྐྲུན་པ་མ་ཟད། ཁོང་ཤང་ཡོངས་ཀྱི་འབྲོག་ར་དང་དུད་ཚང་ཚང་མར་བསྐྱོད་མྱོང་ཡོད།
ད་ཆ་མིག་མདོ་ཤང་དུ་གྲོང་གསེབ་བཅོས་སྐྱོང་བྱེད་རིང་། བཀྲ་ཤིས་ཕུན་ཚོགས་དང་འདྲ་བའི“ཞི་མཐུན་སྲུང་མཁན”ཧ་ཅང་མང་པོ་ཡོད་ཅིང་། ཁོང་ཚོས་ཕ་ཡུལ་དུ་གཞིས་ཆགས་པ་དང་མང་ཚོགས་དང་སེམས་པ་གཅིག་ཏུ་སྦྲེལ་ནས་འགལ་བ་དང་རྩོད་གཞི་འདུམ་འགྲིག་ཧུར་ཐག་བྱས་ཏེ། གྲོང་གསེབ་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་བབ་ཆགས་པའི་ཡུལ་སྲོལ་གོམས་འདྲིས་བཟང་པོ་འཇགས་པར་བྱས་ནས་སེམས་ནུས་གཅིག་སྒྲིལ་གྱིས་བཅོས་སྐྱོང་གི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ། གྲོང་གསེབ་ཀྱི་དུས་བདེ་དང་ཞི་མཐུན་སྲུང་བའི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་མཉམ་དུ་བསྐྲུན་དང་སྐྲུན་བཞིན་ཡོད།
(པ་སངས་ཚེ་རིང་གིས་བསྒྱུར། པ་སངས་ཚེ་རིང་དང་ཚེ་ལྷས་ཞུས)