ང་ཡི་ཕ་ཡུལ་ནི་གནས་མཆོག་གྲོང་ཁྱེར་ལྷ་ས་ཡིན་ཞིང་། དབུས་སུ་ལྷ་ལྡན་གཙུག་ལག་ཁང་དང་། ནུབ་ངོས་སུ་མཛེས་སྡུག་ལྡན་པའི་ནོར་བུ་གླིང་ཁ། བརྗིད་ཉམས་ལྡན་པའི་ཕོ་བྲང་པོ་ཏ་ལ་སོགས་ཡོད་ལ། ཁྱད་དུ་འཕགས་པའི་གསོ་བ་རིག་པའི་ནོར་བུའི་བང་མཛོད་སྨན་རྩིས་ཁང་ཡང་ཡོད།
རང་ཉིད་དགའ་ཤོས་ནི་ནོར་བུ་གླིང་ཁ་ཡིན་པ་དང་། ནོར་བུ་གླིང་ཁའི་ནང་དུ་ཤིང་སྣ་180ཡོད་ལ། དེ་ནི་རྒྱ་ཆེའི་མི་རྣམས་དབྱར་དུས་གླིང་ཁ་གཏོང་ཡུལ་དང་དགུན་དུས་སྔོ་ཐིང་ངེར་གནས་པའི་ཤིང་སྣ་མང་པོ་ཞིག་ལ་ལྟ་སྐོར་བྱ་ཡུལ། སྟོན་དུས་ཤིང་གི་ལོ་ཏོག་ཅི་འདྲ་ཡོད་མེད་ལ་ལྟ་ཞིབ། དཔྱིད་དུས་ཤིང་རིགས་ལ་མྱུ་གུ་ཇི་ལྟར་སྐྱེ་ལུགས་ལ་ལྟད་མོ་ལྟ་ཡུལ་ཞིག་ཡིན་ལ། དེ་ནི་འཛམ་གླིང་རིག་དངོས་ཤུལ་བཞག་ཀྱང་ཡིན། ནོར་བུ་གླིང་ཁའི་ནང་དུ་ཤུག་པ་དང་། གསོམ་སྡོང་སོགས་རྩ་ཆེའི་ཤིང་རིགས་སྣ་ཚོགས་ཡོད་པ་དང་། ད་དུང་གཅན་གཟན་སྣ་ཚོགས་ཀྱང་ཡོད། རང་ཉིད་དགའ་ཤོས་ནི་གཅན་གཟན་གསའ་ཡིན། ཁོ་ནི་སྟག་དང་འདྲ་བ་དང་། རི་ལ་འཛེག་དུས་མགྱོགས་པ། ལུག་ཤ་ཟ་བར་དགའ་བ། ད་དུང་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་སྲོག་ཆགས་ཤིག་ཀྱང་རེད།
རང་ཉིད་ནོར་བུ་གླིང་ཁར་དགའ་པོ་ཡོད་པ་དང་། རྒྱུན་དུ་ནོར་བུ་གླིང་ཁར་འགྲོ་བཞིན་ཡོད། ནོར་བུ་གླིང་ཁར་ཕྱིན་ན་གཅིག་ནས་རྩི་ཤིང་དང་། རི་དྭགས་གཅན་གཟན། འདབ་ཆགས་མང་པོ་ཞིག་ཤེས་རྟོགས་ཐུབ་པ་དང་། གཉིས་ནས་ཁ་ཁུ་སིམ་པའི་ངང་སློབ་སྦྱོང་བྱས་ཆོག
ཨེ་མ། ང་ཡི་ཕ་ཡུལ་སྐྱིད་པ་ལ་ཨང་། ས་ཕྱོགས་གང་སར་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་དང་། འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་རིག་དངོས་ཤུལ་བཞག་མང་པོ་ཡོད། རང་ཉིད་ནས་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱས་ཏེ། ཕ་ཡུལ་འཛུགས་སྐྲུན་བྱེད་མཁན་གྱི་ཤེས་ལྡན་མི་སྣ་ཕུལ་བྱུང་ཞིག་ཆགས་པ་བྱེད་ཀྱི་ཡིན།
(ལོ་རིམ་གསུམ་པའི་འཛིན་གྲྭ་དགུ་པ། བསྟན་འཛིན་ཐར་པ)