འཇིག་རྟེན་འདིའི་སྐྱེ་བོ་ཚང་མར་རང་རང་སྐྱེ་ས་འཚར་སའི་ཕ་ཡུལ་རེ་ཡོད་པ་བཞིན། ངའི་ཕ་ཡུལ་ནི་བོད་ཀྱི་ཡུལ་དབུས་སུ་གནས་ཤིང་འཛམ་གླིང་ཡུལ་གྲུ་ཀུན་ལ་སྙན་གྲགས་ཀྱི་བ་དན་གཡོ་བའི་གནས་མཆོག་ལྷ་ས་ཡིན།
ལྷ་ས་ནི་མཛེས་ཤིང་སྐྱིད་པའི་ཡུལ་ལུང་ཞིག་ཡིན། དེའི་ནམ་མཁའ་སྔོ་ཞིང་བསངས་ལ་ས་གཞི་དག་ཅིང་གཙང་། མཐའ་བཞི་ནི་རྩེ་མོ་ནམ་མཁར་སྙེག་པའི་མུ་འབྲེལ་གྱི་རི་བོས་ཡོངས་སུ་བསྐོར། དེ་ནི་ཉི་མ་དང་བར་ཐག་ཉེ་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན་ཞིང་ལོ་རེའི་དུས་ཚིགས་བཞི་པོར་ཉི་འོད་འཕྲོ་ཤུགས་ཆེ་བས་མི་རྣམས་ཀྱིས་ཉི་འོད་གྲོང་ཁྱེར་དང་ཉི་མ་ལྷ་ས་ཞེས་སུ་འབོད། དོན་དངོས་སུ་གནས་དེར་དབྱར་ཁ་བསིལ་ལ་དགུན་ཁ་དྲོ་བའི་གནམ་གཤིས་ཁྱད་པར་ཅན་ཞིག་ཡོད་པས། རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་འགུགས་བཞིན་ཡོད། ལྷ་ས་གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་དྭངས་ཤིང་གཙང་ལ་ནག་ནོག་གི་དྲི་མ་མེད་པའི་གཙང་པོ་ཞིག་དལ་གྱིས་རྒྱུག་བཞིན་ཡོད་པ་དེ་ནི་ལྷ་སའི་སྐྱིད་ཆུ་ཡིན། དེ་ཙམ་མ་ཟད་ཕོ་བྲང་པོ་ཏ་ལའི་རྒྱབ་ཏུ་རི་མོ་མཁས་ཅན་གྱིས་པིར་གྱིས་བྲིས་པ་དང་གཉིས་སུ་མ་མཆིས་པའི་རྫོང་རྒྱབ་ཀླུ་ཁང་དང་ལྷ་སའི་གློ་བར་གྲགས་པའི་ཡངས་ཤིང་རྒྱ་ཆེ་བའི་ལྷ་ཀླུ་འདམ་ར་ཡང་ཡོད།
ལྷ་ས་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་གྲོང་ཞིག་ཡིན། དེར་བརྗིད་ཆགས་ཡིད་དུ་འོང་བའི་ཕོ་བྲང་པོ་ཏ་ལ་དང་། གཟི་ཉམས་ལྡན་པའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་རྒྱ་སྟག་ར་མོ་ཆེ་གཙུག་ལག་ཁང་། མེ་ཏོག་གི་དགའ་ཚལ་ནོར་བུ་གླིང་ཁ་སོགས་གནའ་ཉམས་དོད་ཅིང་རིན་ཆེན་ནོར་བུས་བརྒྱན་པའི་གནའ་ཤུལ་གྲགས་ཅན་གྲངས་ལས་འདས་པ་ཡོད།
ཨེ་མ། ངའི་ཕ་ཡུལ་ལྷ་ས་ནི་ཅི་འདྲའི་མཛེས་སྡུག་ལྡན་ཞིང་ངོ་མཚར་ཆེ་བ་ཞིག་རེད་ཨང་།
(ལོ་རིམ་གསུམ་པའི་འཛིན་གྲྭ་དགུ་པ། བསྟན་འཛིན་བདེ་གསལ)