《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月19日

༄༅། །ཅང་ཤེས་རྟ་ཕོར་བསྐུར་བའི་ཀ་ཕྲེང་ཚིག་གི་ལམ་རྒྱགས།

སོ་ནམ་པ།

ཀ་བའི་དཔལ་བརྩེགས་རང་བྱུང་ལྷུན་གྲུབ་འཛམ་གླིང་ཡང་རྩེའི་ཞིང་མཆོག་ཏུ། །

ཁ་བའི་རྡུལ་བརྩེགས་བརྗིད་ཆགས་ཞིང་ཁམས་གངས་ལྗོངས་ས་ཡི་དཀྱིལ་འཁོར་ན། །

ག་ལེར་འཆར་བའི་ལོ་འགོའི་སྨོན་ཚིག་སྙན་པོའི་ཚིག་ལ་དྲངས་ནས་བསུ། །

ང་ཅག་ལྷན་དུ་རྟ་ཕོར་ཆིབས་ནས་ལོ་ཟླའི་བཞུར་རྒྱུན་འཚོལ་བར་རེམས། །

ཅ་ག་ནོར་གྱི་པད་མའི་སྐུ་ལ་གེགས་བར་ནད་ཀྱི་དྲི་མེད་དང་། །

ཆ་འཇོག་མི་སྤྱོད་ཚུལ་ཁྲིམས་གཙང་བའི་ཡབ་མེས་ལུགས་ཀྱི་རྒྱུན་བསྐྱངས་ཐོག །

ཇ་ཆང་ལོངས་སྤྱོད་ཕུན་ཚོཊ་དགའ་བདེའི་ངོ་མཚར་གནས་མཆོག་ཉམས་དགའ་འདིར། །

ཉ་ཆུ་བཞིན་དུ་ནམ་ཡང་མི་བྲལ་འགྱུར་མེད་རྡོ་རྗེའི་བརྩེ་བ་ཆགས། །

ཏ་ཐཱ་ག་ཏའི་རིག་གཞུང་སྤྱི་དང་བྱེ་བྲག་ཀུན་ལ་མ་རྨོངས་གཅིག །

ཐ་ཤལ་མ་རབས་ལས་ངན་ཐམས་ཅད་ཕུང་འདྲེ་བཞིན་དུ་དོར་དང་གཉིས། །

ད་ལྟ་ཉིད་ནས་རྟ་མཆོག་ཅང་ཤེས་བརྩོན་འགྲུས་ལྕག་གིས་བྲབས་དང་གསུམ། །

ན་རྒས་དུས་སུ་བློ་འགྱོད་མེད་པ་ཨ་རོགས་བུ་ངའི་སྙིང་གཏམ་ཡིན། །

པ་ཊའི་རིས་ལྟར་མུ་ལ་མུ་སྦྲེལ་ངོ་མཚར་ཡིད་འོང་ཡུལ་མཆོག་འདིར། །

ཕ་ཚ་བུ་རྒྱུད་གཅིག་ལས་མཆེད་པའི་བློ་དཀར་གཞུང་དྲང་ཕུ་ནུ་ཚོ། །

བ་གླང་སྤྱོད་པ་རིང་དུ་སྤངས་ཤིང་ཡ་རབས་གཞུང་དྲང་མ་བརྗེད་པར། །

མ་འོངས་ཟེར་ཡང་ད་ལྟ་ཉིད་ནས་རྟ་ཕོ་ལྕག་གིས་བྲབས་ན་དགའ། །

ཙ་གེ་ཙིག་གེའི་དོན་ཆུང་དག་ལ་ཐུགས་སྣང་ཡེ་ནས་མ་བཞག་པར། །

ཚ་ཚ་འུར་འུར་ལས་སློབ་གང་སྤྱིར་བརྩོན་པ་ཆེར་བསྐྱེད་གནང་གྱུར་ཚེ། །

ཛ་དྲག་དུས་བབ་གང་ཞིག་ཡིན་ཡང་འབྲས་བཟང་ལག་ཏུ་ཐོབ་རྒྱུ་ནི། །

ཝ་ལེར་རྟ་ཕོ་ཆག་གིས་གསོས་ན་འགྲོས་དང་གོམ་པར་སེམས་ཁྲལ་ཅི། །

ཞ་ཞོར་ནམ་བར་དུས་ཀྱི་ཕྲེང་བར་ཕ་མའི་བཀའ་སློབ་སྙིང་བཅངས་ཐོག །

ཟ་མཁས་སྤྱོད་མཁས་འཚོ་བ་བབ་ཆགས་རིན་བྲལ་མི་ལུས་སྙིང་པོ་འཚོལ། །

འ་ཆད་འུ་ཐུག་དཀའ་གནད་རྡོ་རྗེའི་མདུད་པ་ངང་གིས་གྲོལ་རྒྱུ་ནི། །

ཡ་རབས་གོང་མའི་རྟ་རྒོད་རྒྱུགས་པའི་ལམ་བཟང་དོན་གྱི་ཁྱད་འཕགས་མངོན། །

ར་ལུག་ཕྱུགས་ཀྱིས་རི་ཀླུང་གང་བའི་འཛམ་གླིང་ཡང་རྩེའི་གནས་མཆོག་འདིར། །

ལ་ཀླུང་ཕྱོགས་ཞེན་ནང་དམེ་འཁྲུག་རྩོད་རྨི་ལམ་ཙམ་ཡང་མ་བྱུང་བར། །

ཤ་རུས་འདྲེས་པའི་སྤུན་ཟླའི་བརྩེ་བ་བཅོ་ལྔའི་ཟླ་འོད་འཛུམ་པ་བཞིན། །

ས་སྟེང་འདི་ན་ནམ་ཡང་གསལ་བའི་གཡང་ཆགས་སྨོན་ལམ་ཡང་ཡང་འདེབས། །

ཧ་ལས་དགོས་པའི་རྩོམ་གྱི་རིན་ཐང་ཀ་ཕྲེང་འདི་ལ་མི་ལྡན་ཡང་། །

ཧ་ཅང་ལྷད་མེད་སྙིང་གིས་སྦུག་ནས་རང་རིགས་ཀུན་ལ་ཕུལ་བར་ཐལ། །

ཨ་ཙི་དེ་ལྟར་མེ་ཏོག་ཆུང་ཡང་མཆོད་པའི་རྫས་སུ་འགྱུར་ཡོད་ན། །

ཨ་ཇོ་བདག་གིས་འདུན་པ་ཡིན་ལ་རྟ་ཕོའི་ལམ་གྱི་ལམ་རྒྱགས་ཡིན། །