འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་བཅའ་སྡོད་སློབ་ཆུང་དང་མཉམ་དུ་དམག་སྒར་གྱི་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྒྲིག་འཛུགས་བྱས་ཤིང་། དགེ་སློབ་ཀྱི་འཐུས་མི་ཚོ་དམག་སྒར་དུ་བསྐྱོད་དེ་དཔོན་དམག་གི་སྦྱོང་བརྡར་དང་འཚོ་བ་ཉམས་ལེན་བྱས་པ་མ་ཟད། ད་དུང་ས་གནས་ས་ཐོག་ཏུ་རྒྱལ་སྲུང་སློབ་གསོ་དང་ལེན་ཡང་བྱས་པ་རེད།
བྱེད་སྒོ་སྤེལ་རིང་དགེ་སློབ་ཚོས་དཔོན་དམག་གི་གྲལ་སྟར་འགྲིག་པའི་སྟངས་སྟབས་དང་། ཐང་ཤ་དོད་པའི་དམག་ཉམས། དཔའ་ངར་ཆེ་སྐྱེད་ཀྱི་ཉམས་འགྱུར་བཅས་ལ་ལྟ་སྦྱོང་བྱས་པ་རེད། “གྲུ་བཞི་གྲུ་རྐྱང”གི་ཉལ་ཆས་ཇི་ལྟར་ལྟེབ་མིན་གྱི་དགེ་སློབ་ཀྱི་བསམ་འདུན་སྐོང་ཆེད། དཔོན་དམག་ཚོས་ས་གནས་ས་ཐོག་ཏུ་ཉལ་ཆས་ལྟེབ་རྩེག་རྒྱག་སྟངས་བསྟན་པར་དགེ་སློབ་ཚོའི་བསྔགས་བརྗོད་ཡང་ཡང་ཐོབ་ཅིང་། དཔོན་དམག་གི་མཛུབ་ཁྲིད་འོག་དགེ་སློབ་ཚོས་གཅིག་རྗེས་གཉིས་མཐུད་ངང་ཉལ་ཆས་ལྟེབ་སྟངས་སྦྱངས་ནས་དཔུང་སྡེའི་གཟབ་ནན་ཞིབ་ཚགས་ཀྱི་འཚོ་བ་སྐྱེལ་སྟངས་མྱོང་ཚོར་བྱས་པ་རེད།
དེ་རྗེས་དཔོན་དམག་ཚོས་མེ་མདའ་ལ་སོགས་པའི་མཚོན་ཆ་བཤིག་སྒྲིག་བྱས་ཤིང་། དགེ་སློབ་ཚོ་དཔོན་དམག་གི་བྱང་གོམས་ཆེ་བའི་བཀོལ་སྤྱོད་བྱེད་སྟངས་དང་མཚོན་ཆའི་ཞིབ་ཚགས་གནད་འཕིགས་ཀྱི་གྲུབ་ཚུལ་ལ་ཧང་སངས་པ་མ་ཟད། མེ་མདར་འཆང་འཛིན་བྱེད་པའི་ཁྲོད་དུ་རྒྱལ་སྲུང་སྟོབས་ཤུགས་ཐད་ཀར་མྱོང་ཚོར་བྱུང་ནས་རྒྱལ་སྲུང་གི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད།
ལྟ་སྐོར་མཇུག་འགྲིལ་ལ་ཉེ་བའི་མཚམས་སུ་སློབ་མ་ཚོ་གར་སྟེགས་ཐོག་བསྐྱོད་དེ་དཔོན་དམག་ཚོར་རང་རྩོམ་རིག་རྩལ་འཁྲབ་སྟོན་བྱས་ཤིང་། སློབ་མའི་ལྟད་མོ་ཆེ་བའི་འཁྲབ་སྟོན་ལས་དམག་མི་ཚོས་སྐད་གྲགས་མེད་པར་ལེཌ་སྐྱེས་ཕུལ་བར་གུས་འདུད་ཞུ་ལུགས་མཚོན་ཡོད།
དགུང་ཟས་གཏོང་བའི་མཚམས་སུ། དམག་དཔུང་དང་ས་གནས་གཉིས་པོས་ཚ་ཚ་འུར་འུར་ངང་མཉམ་དུ་ཅའོ་ཙི་བཟོས་ཤིང་། རླངས་པ་འཚུབ་འཚུབ་ཀྱི་ཅའོ་ཙིའི་ནང་དུ་ཉ་ཆུ་ལྟ་བུའི་བརྩེ་བ་ཟབ་མོ་འདུས་ཡོད།
ད་ཐེངས་ཀྱི་དམག་སྒར་གྱི་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་ལས་དགེ་སློབ་ཚོའི་རྒྱལ་སྲུང་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་། སློབ་མ་ཚོའི་རྒྱལ་གཅེས་སྤྲོ་སེམས་འཕེལ་བ་མ་ཟད། དཔོན་དམག་ཚོས་ཀྱང་བཅའ་སྡོད་བྱ་ཡུལ་མང་ཚོགས་ཀྱི་བརྩེ་དུང་ཟབ་མོའང་ཚོར་ནས་ལྷག་བསམ་རྣམ་དག་ངང་རྒྱལ་ཁབ་སྲུང་བའི་ཆོད་སེམས་དང་དད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད།
(སྤེན་ཚེས་བསྒྱུར། སྤེན་ཚེ་དང་བསྟན་འཛིན་རྣམ་རྒྱལ་གྱིས་ཞུས)