2025ལོར། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཅངས་ཏེ“ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ལ་འགན་ལེན་དང་དམངས་འཚོར་དམིགས་ནས་ཁེ་དབང་བསྲུངས་པའི”ལས་ཀའི་གཙོ་རྐང་ལ་དམ་པོར་དམིགས་ཏེ་འཛད་སྤྱོད་ཀྱི་ཁེ་དབང་སྲུང་སྐྱོང་དང་། བཟའ་བཅའི་བདེ་འཇགས། སྨན་རྫས་ཀྱི་བདེ་འཇགས། བཟོ་ལས་ཐོན་རྫས་དང་དམིགས་བསལ་སྒྲིག་ཆས་ལ་ལྟ་འདོམས། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་སོགས་གཙོ་གནད་ལས་འགན་ལ་སྤྱི་འདོམས་བྱས་ཏེ། བྱ་ཐབས་ནན་པོར་བརྟེན་ནས་བདེ་འཇགས་ཀྱི་འགོག་སྲུང་དྲ་བ་ཚགས་དམ་དུ་གཏོང་བ་དང་འཛད་སྤྱོད་ཁོར་ཡུག་ལེགས་སུ་བཏང་སྟེ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་ཁྲིམས་མཐུན་གྱི་འཛད་སྤྱོད་ཁེ་དབང་ནུས་ཤུགས་ཡོད་རྒུས་བསྲུངས་ཡོད།
ལྟ་འདོམས་ཅུས་ཀྱིས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས“ཞུ་འབྱོར་འཕྲལ་སྒྲུབ”ཀྱི་ལས་ཀའི་ལམ་སྲོལ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་། བདག་སྤྲོད་དང་། ཁག་བགོས་སྒྲུབ་གཉེར། ཐག་གཅོད། ལྟ་སྐུལ་སྒྲུབ་གཉེར་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་ལེགས་སུ་བཏང་ནས། ཞུ་གཏུག་དང་ཐེར་འདོན་ལ་བརྡ་ལན་མགྱོགས་པོ་སྤྲོད་པ་དང་ལས་ཕྱོད་ཆེན་པོས་སྒྲུབ་པར་སྐུལ་འདེད་བཏང་ཡོད། 2025ལོར། 12315ལས་སྟེགས་ནས་ཞུ་གཏུག་དང་ཐེར་འདོན་ཁག་1759བདག་སྤྲོད་བྱས་པར་གྱོད་ཐག་གཅོད་ཚད་100%ཟིན་པ་དང་། རིམ་རྩིས་བརྒྱབ་ན་འཛད་སྤྱོད་པར་དཔལ་འབྱོར་གྱོང་གུན་སྒོར་ཁྲི་212.45མི་ཕོག་པ་བྱས་ཏེ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་ཏན་ཏིག་བྱས་ཡོད།
“ཚོང་གཉེར་དྲང་གཞག་དང་བློ་བདེའི་འཛད་སྤྱོད”ཀྱི་འདུ་ཤེས་ལ་དམིགས་ཏེ་ཁྲོམ་རའི་བྱེད་པོས་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། ཁྲོམ་རའི་བྱེད་པོ་12ཀྱིས་དྲ་ཕྱི་ནས་རྒྱུ་མཚན་མི་དགོས་པར་ཚོང་ཟོག་སློག་ཆོག་པའི་ཁས་ལེན་ཡི་གེ་འཇོག་རྒྱུར་སྐུལ་འདེད་གཏོང་བ། ODRདྲ་ལམ་གྱི་རྩོད་གཞི་སེལ་སྟངས་ལ་བརྟེན་ནས་འཛད་སྤྱོད་རྩོད་གཞི་ཁག་8འདུམ་འགྲིག་བྱེད་པ་བཅས་བྱས་ཏེ། འཛད་སྤྱོད་རྩོད་གཞི་འབྱུང་རྩ་ནས་སེལ་བ་དང་སྔ་ཙམ་ནས་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ་ཉེན་ཁ་འགོག་ཟོན་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།
དམངས་འཚོའི་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲིམས་སྒྱུར་གྱོད་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་སྟེ། ལོ་འཁོར་མོར་བཟའ་བཅའ་དང་། སྨན་བཅོས་སྒྲིག་ཆས། ཚད་འཇལ། བརྡ་ཁྱབ་སོགས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་གྱོད་གཞི་ཁག་32ཞིབ་བཤེར་ཐག་གཅོད་བྱས་པར་དངུལ་ཆད་དང་གཞུང་བཞེས་བཏང་བའི་དངུལ་འབོར་སྒོར་ཁྲི་15ལྷག་ཙམ་ཟིན་ཞིང་། ཁྲིམས་སྒྱུར་ནན་པོར་བརྟེན་ནས་ཟིལ་ཤུགས་ནུས་ལྡན་ཆགས་པར་བྱས་ཏེ་དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་སྒྲིག་ལམ་བསྲུངས་ཡོད།
(ཚེ་སྒྲོལ་གྱིས་བསྒྱུར། བསྟན་འཛིན་གྱིས་ཞུས)