《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月24日

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། (གནད་བསྡུས)

2025ལོའི་ལས་དོན་ལ་ཕྱིར་དྲན་བྱེད་པ།

2025ལོར། ཏང་ཀྲུང་དབྱང་གིས《དུས་རབས་གསར་པའི་འདྲི་གཅོད་ལས་དོན་ལ་ཤུགས་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》བཟོ་འགྲེམས་བྱས་ཏེ་མི་དམངས་ཁྲིམས་ཁང་གི་ལས་དོན་ལ་སྔར་ལས་མཐོ་བའི་བླང་བྱ་བཏོན་པ་དང་། དེར་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཁྲིམས་འཛིན་ལོ་རྒྱུས་ཐོག་ཏུ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། ལོ་གཅིག་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ནུས་ལྡན་འོག་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། “ཁྲིམས་འཛིན་གྱོད་དོན་རེ་རེའི་ཁྲོད་ནས་མི་དམངས་མང་ཚོགས་ལ་དྲང་སྙོམས་དྲང་བདེན་ཚོར་དུ་འཇུག་གང་ཐུབ་བྱེད་པར”དམིགས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་བསྒྲུབས་པ་དང་། ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་ཁྲིམས་འཛིན་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་ཞུས་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གྱོད་དོན་ངོ་གྲངས་29154རྩིས་ལེན་བྱས་པ་དང་། གྱོད་དོན་ངོ་གྲངས་31958ལ་འདྲི་གཅོད་མཇུག་བསྒྲིལ་བ་དེ་ལོ་གོང་མའི་དུས་མཉམ་དང་བསྡུར་ན་སོ་སོར་16.5%དང་1.8%ཆག་ཡོད། རྒྱལ་ཡོངས་ཀྱི་ཁྲིམས་ཁང་རིམ་པ་ཁག་གིས་འདྲི་གཅོད་དང་ལག་བསྟར་བྱ་རྒྱུའི་གྱོད་དོན་ངོ་གྲངས་ཁྲི་3748.6བདག་སྤྲོད་བྱས་པ་དང་། འདྲི་གཅོད་དང་ལག་བསྟར་མཇུག་བསྒྲིལ་བའི་གྱོད་དོན་ངོ་གྲངས་ཁྲི་3620ཡོད་པ་དེ་ལོ་གོང་མའི་དུས་མཉམ་དང་བསྡུར་ན་སོ་སོར་10.8%དང་8.9%འཕར་ཡོད།

དྲང་སྙོམས་དྲང་བདེན་དམ་སྲུང་བྱས་ཏེ་སྤུས་ཚད་མཐོ་བའི་ཁྲིམས་འཛིན་ལ་བརྟེན་ནས་ཆུ་ཚད་མཐོ་བའི་བདེ་འཇགས་འགན་སྲུང་བྱས་ཡོད།

རྒྱལ་ཁབ་ཀྱི་བདེ་འཇགས་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཡོད། མགོ་རྟིང་སློག་པ་དང་། ཁ་ཕྲལ་གཏོང་བ། འཇིགས་སྐུལ་བྱེད་པ། ལོག་ཆོས་སྤེལ་བ་བཅས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཟབ་སྤེལ་བྱས་པ་དང་། “ཐའེ་ཝན་རང་བཙན”གྱི་ངན་རེངས་པ་དག་ལ་ཁྲིམས་ཆད་ནན་པོ་བཅད་ཡོད། རྒྱལ་ཁབ་ཁ་ཕྲལ་གཏོང་བ་དང་རྒྱལ་ཁབ་གཅིག་གྱུར་ལ་གཏོར་བརླག་གཏོང་བར་ངན་སྐུལ་བྱེད་མཁན་ལི་ཡན་ཧོ་ལ་ཁྲིམས་ལྟར་བྱས་ཉེས་གཏན་འཁེལ་བྱས་ཏེ་ཉེས་ཆད་བཅད་ཡོད།

སྤྱི་པའི་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱས་ཡོད། བསམ་བཞིན་དུ་མི་བསད་པ་སོགས་དྲག་ཤུགས་ཉེས་གསོག་གྱོད་དོན་ཚབས་ཆེན་ངོ་གྲངས་ཁྲི་4.6དང་མི་ཁྲི་5.3ལ་འདྲི་གཅོད་མཇུག་བསྒྲིལ་བ་དེ་ལོ་གོང་མའི་དུས་མཉམ་དང་བསྡུར་ན་7.3%(ངོ་གྲངས། གཤམ་མཚུངས)ཆག་ཡོད། ར་བཟི་འཁོར་གཏོང་བཅོས་སྐྱོང་བྱ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཞིང་། ར་བཟི་འཁོར་གཏོང་གི་ཉེས་དོན་གྱོད་དོན་སྒྲུབ་ཕྱོགས་སྐོར་གྱི་བསམ་འཆར་བཏོན་རྗེས་ཉེས་ཆད་བཅད་པའི་མི་གྲངས་2023ལོའི་ཁྲི་32ནས་2025ལོའི་ཁྲི་23.1ཏུ་ཆག་ཡོད། ཆང་འཐུང་རྗེས་རླངས་འཁོར་བཏང་བའི་རྐྱེན་ལས་འགྲིམ་འགྲུལ་དོན་རྐྱེན་དང་ཤི་རྨས་བྱུང་ཚད་ཀྱི་གྲངས་འབོར་ཚང་མ་ཆག་ཡོད། གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ཉེས་གསོག་གྱོད་དོན་ངོ་གྲངས་ཁྲི་4.1དང་མི་ཁྲི་8.5ལ་འདྲི་གཅོད་མཇུག་བསྒྲིལ་ཡོད།

རུལ་སུངས་ཀྱི་ཉེས་གསོག་ལ་ཁྲིམས་ཆད་ནན་པོ་བཅད་ཡོད། ལྐོག་རྔན་སྤྲོད་ལེན་སོགས་ཀྱི་ལས་ཐོག་ཉེས་གསོག་གྱོད་དོན་ངོ་གྲངས་ཁྲི་3.6དང་མི་ཁྲི་4ལ་འདྲི་གཅོད་མཇུག་བསྒྲིལ་བ་དེ་ལོ་གོང་མའི་དུས་མཉམ་དང་བསྡུར་ན་22.4%འཕར་ཡོད། རྒྱུ་རྔན་ཟ་ལེན་བྱས་པའི་གྲངས་འབོར་ཤིན་ཏུ་ཆེ་ཞིང་། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཤིན་ཏུ་ཚབས་ཆེན་བཟོས་པའི་པའེ་ཐན་ཧུའེ་ལ་ཁྲིམས་ལྟར་སྲོག་ཁྲིམས་བཅད་དེ་ལག་བསྟར་བྱས་ཡོད། ལྐོག་རྔན་སྤྲོད་མཁན་དང་ལེན་མཁན་ལ་མཉམ་དུ་ཞིབ་བཤེར་བྱ་རྒྱུ་དོན་འཁྱོལ་བྱས་ནས། ལྐོག་རྔན་སྤྲད་པའི་ཉེས་གསོག་གྱོད་དོན་ངོ་གྲངས་2724དང་མི་3235ལ་འདྲི་གཅོད་མཇུག་བསྒྲིལ་བ་དེ་ལོ་གོང་མའི་དུས་མཉམ་དང་བསྡུར་ན་10.1%འཕར་ཡོད། རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་དང་རྒྱལ་མཚམས་བརྒལ་བའི་རུལ་སུངས་བཅོས་སྐྱོང་བྱ་རྒྱུར་མཉམ་སྡེབ་ཀྱིས་སྐུལ་འདེད་བཏང་སྟེ། ཁྲིམས་འགལ་ཐོབ་ཆ་སྒོར་དུང་ཕྱུར་181.4བདའ་འདེད་དང་གཞུང་བཞེས་བཏང་ཡོད།

ཉེས་གསོག་དཔེ་གསར་ལ་ཁྲིམས་ཆད་བཅད་ཡོད། འདས་ཟིན་པའི་ལོ་ལྔའི་རིང་ལ་དྲ་རྒྱའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་གསོག་གྱོད་དོན་ངོ་གྲངས་9326དང་མི་ཁྲི་2.2འདྲི་གཅོད་མཇུག་བསྒྲིལ་བ་དེ་ལོ་ལྔ་ཚན་གོང་མ་དང་བསྡུར་ན་158.5%འཕར་ཡོད། རྟོག་བཟོས་དངུལ་ལོར་སྨྱན་བྱེད་བྱས་ཏེ་བཙོག་དངུལ་གཙང་སྒྱུར་དང་ཕྱི་དངུལ་ལྐོག་ཉར་སོགས་ཀྱི་ཉེས་གསོག་ལ་ཁྲིམས་ཆད་ནན་པོ་བཅད་ཡོད། ཁ་ལོ་བ་ར་བཟི་རྗེས་འཁོར་གཏོང་རམ་འདེགས་བྱེད་ནུས་སྤྱད་ཀྱང་སྔར་བཞིན་ཉེས་དོན་གྱི་འགན་འཁྲི་འཁུར་དགོས་ཤིང་། ཚན་རྩལ་ཉེར་སྤྱོད་བྱེད་པར་ངེས་པར་དུ་བཅའ་ཁྲིམས་ཀྱི་མཐའ་ཚད་སྲུང་དགོས་ཚུལ་གསལ་པོར་བཏོན་ཡོད།

འགལ་བ་དང་རྩོད་གཞི་འགོག་སེལ་བྱེད་པར་སྐུལ་འདེད་བཏང་ཡོད། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས། གཞི་རིམ་ཁྲིམས་ཁང་རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཅའ་སྡོད་བྱེད་པ་ཡོངས་སུ་ཁེབས་པར་བྱས་ཡོད། “སྤྱི་ལ་སྤྱི་གཏད”ཀྱི་སྣ་མང་གི་རྩོད་གཞི་འདུམ་འགྲིག་མཉམ་ལས་སྡེ་ཚན་18བར་མང་དུ་ཕྱིན་པ་དང་། མི་དམངས་ཁྲིམས་ཁང་གི་འདུམ་འགྲིག་ལས་སྟེགས་ལ་བརྟེན་ནས་རང་གིས་འདུམ་འགྲིག་བྱས་པའི་རྩོད་གཞི་ངོ་གྲངས་ཁྲི་65.4ཟིན་པ་དེ་ལོ་གོང་མའི་དུས་མཉམ་དང་བསྡུར་ན་ལྡབ་4.3འཕར་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་ས་གནས་དང་གཞི་རིམ་དུ་བསྐྱོད་ནས་སྐོར་སྐྱོད་འདྲི་གཅོད་མི་ཐེངས་3959བྱས་པ་དེ་ལོ་གོང་མའི་དུས་མཉམ་དང་བསྡུར་ན་ལྡབ་3.6འཕར་བ་དང་། འབྲེལ་ཡོད་གོང་གཏུག་ཞུ་ཐེངས་23.9%ཆག་ཡོད།

དྲང་སྙོམས་དྲང་བདེན་དམ་སྲུང་བྱས་ཏེ་སྤུས་ཚད་མཐོ་བའི་ཁྲིམས་འཛིན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ཡོད།

ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་གཏོང་བར་ཞབས་འདེགས་ཞུས་ཡོད། ཚན་རྩལ་གསར་གཏོད་ལ་ཞབས་ཞུ་དང་འགན་སྲུང་བྱེད་པའི་སྐོར་གྱི་བསམ་འཆར་བཟོས་ཏེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་འགྲོ་བར་རོགས་འདེགས་བྱས་པ་དང་། ཤེས་བྱའི་ཐོན་དབང་གི་གྱོད་དོན་ཁྲི་49.6ལ་འདྲི་གཅོད་མཇུག་བསྒྲིལ་ཡོད། ཤེས་བྱའི་ཐོན་དབང་ལ་གནོད་འཚེ་བཏང་བའི་བྱས་ཉེས་གསོག་མཁན་མི་ཁྲི་1.9ལ་ཁྲིམས་ཆད་བཅད་པ་དེ་ལོ་གོང་མའི་དུས་མཉམ་དང་བསྡུར་ན་6.2%འཕར་ཡོད། སྲུང་སྡོམ་བྱེད་ཐབས་དང་ཆད་གཅོད་རང་བཞིན་གྱི་སྐྱིན་གསབ་འཇལ་བ་སོགས་ལམ་ལུགས་ཀྱི་བྱེད་ནུས་འདོན་སྤེལ་བྱས་ཏེ། དུས་ཐོག་ཏུ་ཁེ་དབང་སྲུང་སྐྱོབ་དང་། ཁེ་དབང་ལ་གནོད་འཚེ་བཏང་བར་ཁྲིམས་ཆད་བཅད་ཡོད། གྲངས་འཛིན་འཁོར་སྟེགས་ལག་རྩལ་གྱི་གསང་བར་གནོད་འཚེ་བཏང་བའི་གྱོད་དོན་འདྲི་ཞིབ་བྱས་ཏེ། ངན་སེམས་བཅངས་ནས་དབང་ཆར་གནོད་འཚེ་གཏོང་མཁན་དང་དེའི་ཀུང་སིར་ལྡབ་3གྱི་ཆད་གཅོད་རང་བཞིན་གྱི་སྐྱིན་གསབ་སྒོར་དུང་ཕྱུར་3.8ཞོར་དུ་འཇལ་དགོས་པའི་བཀའ་བཅད་བཏང་ཡོད། ཤེས་བྱའི་ཐོན་དབང་ཐད་ནས་རྒྱུན་ལྡན་མིན་པར་གཏུག་བཤེར་འབོར་ཆེན་བྱས་པར་བཅོས་སྐྱོང་ཟབ་སྤེལ་བྱས་ནས། ཁྲིམས་ལྟར་གཏུག་བཤེར་ངོ་གྲངས་2331ཕྱིར་བསློགས་པ་དང་། ཁྲིམས་འཛིན་གྱི་ཆད་པ་ངོ་གྲངས་694བཅད་ཡོད།

གྲངས་ཀའི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་འགན་སྲུང་བྱས་ཡོད། གཞི་གྲངས་གཏོགས་དབང་དང་ཉོ་ཚོང་སོགས་དང་འབྲེལ་བ་ཡོད་པའི་རྩོད་གཞིའི་གྱོད་དོན་ངོ་གྲངས་908འདྲི་གཅོད་མཇུག་བསྒྲིལ་བ་དང་། གཞི་གྲངས་འཚོལ་བསྡུ་དང་བེད་སྤྱོད་སོགས་ཀྱི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས། གཞི་གྲངས་བདག་རྐྱེན་གྱི་རིན་ཐང་འདོན་སྤེལ་གང་ལེགས་ཐུབ་པར་སྐུལ་སྤེལ་བཏང་ཡོད། ཚོང་ལས་ཀྱི་གསང་བ་སྲུང་སྐྱོབ་དང་། བརྩམས་དབང་སྲུང་སྐྱོབ། ཚུལ་མིན་གྱི་འགྲན་རྩོད་ལ་ངོ་རྒོལ་སོགས་ཀྱི་ཚད་གཞི་ཕྱོགས་བསྡུས་ཀྱིས་སྤྱད་དེ་གཞི་གྲངས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ལ་ཁྲིམས་ཆད་བཅད་ཡོད། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་རྩོད་གཞིའི་གྱོད་དོན་ངོ་གྲངས་915འདྲི་གཅོད་མཇུག་བསྒྲིལ་བ་དེ་ལོ་གོང་མའི་དུས་མཉམ་དང་བསྡུར་ན་65%འཕར་ཡོད་ལ། མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་པར་ཁྲིམས་མཐུན་དང་། ལུགས་མཐུན། དགོས་ངེས། ཁ་དན་ཚིག་གནས་བཅས་ཡིན་དགོས་པའི་རྩ་དོན་བརྩི་སྲུང་ཞུ་དགོས་པ་གསལ་པོར་བཏོན་ཡོད།

ཁྲིམས་ལྟར་སྲིད་འཛིན་ཆུ་ཚད་ཇེ་མཐོར་གཏོང་རྒྱུར་སྐུལ་སྤེལ་བྱས་ཡོད། མང་ཚོགས་ཀྱི་གནས་ཚུལ་ཤེས་དབང་ལ་ཁྲིམས་ལྟར་འགན་སྲུང་བྱས་ཡོད། སྲིད་འཛིན་རྩོད་གཞི་སྔོན་འགོག་དང་ངོ་བོའི་འདུམ་སེལ་ཟབ་སྤེལ་བྱེད་པ་དང་། ཁྲིམས་བསྟར་དང་ཁྲིམས་འཛིན་གྱི་ཚད་གཞི་གཅིག་གྱུར་བྱས་ཏེ། ཁྲིམས་བསྟར་དང་ཁྲིམས་འཛིན་གྱི་སྤུས་ཕྱོད་དང་སྤྱི་པའི་ཡིད་ཆེས་ཐོབ་ནུས་ཇེ་ཆེར་བཏང་ཡོད། སྲིད་འཛིན་ལས་ཁུངས་ཀྱི་སྲིད་འཛིན་བཙན་ཤེད་ལག་བསྟར་ལ་མོས་མཐུན་མ་བྱུང་བར་གཏུག་བཤེར་བྱས་པ་དེ་ལོ་གོང་མའི་དུས་མཉམ་དང་བསྡུར་ན་17.2%ཆག་པ་དང་། གྱོད་དོན་བསྐྱར་གྲོས་ཁྲོད་སྲིད་འཛིན་ལས་ཁུངས་གྱོད་ཕམ་བྱུང་ཚད་དེ་ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་གཞི་གྲངས་0.7ཆག་ཅིང་། སྲིད་འཛིན་གྱོད་དོན་གོང་གཏུག་བྱས་ཚད་དང་བསྐྱར་ཞིབ་རེ་ཞུ་བྱས་ཚད་ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་གཞི་གྲངས་3.6དང་2.6སོ་སོར་ཆག་ཡོད།

དམག་དཔུང་སྟོབས་ལྡན་དང་དར་རྒྱས་གཏོང་བར་ཞབས་འདེགས་ཞུས་ཡོད། དམག་དཔུང་དང་འབྲེལ་བ་ཡོད་པའི་གྱོད་དོན་ངོ་གྲངས་8133འདྲི་གཅོད་མཇུག་བསྒྲིལ་བ་དང་། དམག་དོན་སྒྲིག་བཀོད་ལ་གཏོར་བརླག་དང་། དམག་མིར་བརྫུས་ནས་མགོ་གཡོག་མགོ་སྐོར་བཏང་བ་སོགས་ཀྱི་ཉེས་གསོག་ལ་ཁྲིམས་ཆད་ནན་པོ་བཅད་ཅིང་། དམག་དོན་སྦྱོང་བརྡར་ཐད་སྤྱོད་པའི་ས་ཞིང་དང་དམག་དཔུང་གི་ལས་གྲྭ་འཛུགས་སྐྲུན་སོགས་དང་འབྲེལ་བ་ཡོད་པའི་རྩོད་གཞི་དྲང་གཞག་ནུས་ཆེའི་སྒོ་ནས་འདུམ་སེལ་བྱས་པ་དང་། ཆེད་དོན་འདྲི་གཅོད་དང་། དམག་དཔུང་དང་ས་གནས་མཉམ་འགུལ་གྱི་དགེ་མཚན་འདོན་སྤེལ་བྱས་ནས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་ཞུས་ཡོད།

དྲང་སྙོམས་དྲང་བདེན་དམ་སྲུང་བྱས་ཏེ་སྤུས་ཚད་མཐོ་བའི་ཁྲིམས་འཛིན་ལ་བརྟེན་ནས་སྤུས་ལེགས་འཚོ་བར་སྲུང་སྐྱོང་བྱས་པ།

མང་ཚོགས་ཀྱི་ཁྲིམས་འཛིན་རེ་འབོད་ལ་ཧུར་ཐག་གིས་ཨ་ལན་བསློགས་ཡོད། དམངས་དོན་ཁྲིམས་གཞུང་ལག་ལེན་བསྟར་ནས་ལོ་ལྔའི་རིང་ལ། དངོས་དབང་རྩོད་གཞི་དང་མི་གཞིའི་དབང་ཆའི་རྩོད་གཞི། དབང་ཆར་གནོད་འཚེ་བཏང་བའི་འགན་འཁྲིའི་རྩོད་གཞི་བཅས་ཀྱི་གྱོད་དོན་ངོ་གྲངས་ཁྲི་175.2དང་། ཁྲི་96 ཁྲི་556.6བཅས་སོ་སོར་འདྲི་གཅོད་མཇུག་བསྒྲིལ་བ་དེ་ལོ་རེར་ཆ་སྙོམས་0.7%དང་། 5.1% 7.1%བཅས་སོ་སོར་འཕར་ཡོད། ཞི་མཐུན་གྱི་སྨན་བཅོས་ཁོར་ཡུག་བསྐྲུན་ཞིང་། སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་བསླུ་ལེན་བྱས་པའི་ཉེས་གསོག་གྱོད་དོན་ངོ་གྲངས་1433དང་མི་2807ལ་འདྲི་གཅོད་མཇུག་བསྒྲིལ་བ་དེ་ལོ་གོང་མའི་དུས་མཉམ་དང་བསྡུར་ན་24%འཕར་ཡོད་ལ། སྒོར་དུང་ཕྱུར་5ལྷག་དེད་ནས་གྱོང་གུན་སེལ་ཐུབ་ཡོད། སྨན་པ་དང་ནད་པའི་བར་གྱི་རྩོད་གཞི་འོས་མཐུན་གྱིས་འདུམ་སེལ་བྱས་ནས། གསལ་བཤད་ཀྱི་འོས་འགན་མ་བསྒྲུབས་པར་ནད་པར་གནོད་སྐྱོན་བཟོས་པ་དེ་དབང་གནོད་དུ་གྲུབ་པར་དཔྱད་མཚམས་བཏང་ཡོད། ནད་བརྟག་སྨན་བཅོས་ཀྱི་འོས་འགན་ལེགས་པར་བསྒྲུབས་པ་དང་བརྟག་བཅོས་ཀྱི་ཚད་གཞི་དང་མཐུན་པའི་བྱེད་སྤྱོད་ལ་ཁྲིམས་ལྟར་འགན་འཁྲི་འཁུར་མི་དགོས་པར་བྱས་ཡོད།

སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་ཞབས་འདེགས་ཞུས་ཤིང་། ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས། ངལ་རྩོལ་རྩོད་གཞིའི་གྱོད་དོན་ངོ་གྲངས་ཁྲི་67.4འདྲི་གཅོད་མཇུག་བསྒྲིལ་བ་དང་། ངལ་རྩོལ་ཐོབ་ཆ་འདེད་ལེན་གྱི་གྱོད་དོན་ངོ་གྲངས་ཁྲི་7.5འདྲི་ཞིབ་བྱས་ནས། གླ་རྒྱུག་ཞིང་པའི་གླ་ཆ་སོགས་ངལ་རྩོལ་ཐོབ་ཆ་སྒོར་དུང་ཕྱུར་241.2འདེད་རོགས་བྱས་ཡོད། ཁྲིམས་འཛིན་འགྲེལ་བཤད་གཏན་འབེབས་བྱས་ཏེ། དུས་ཚད་ངེས་གཏན་མེད་པའི་ངལ་རྩོལ་གན་རྒྱ་ངོས་འཛིན་དང་། ལས་མི་བཀོལ་བའི་འགན་འཁྲི་གཞན་སྤྲོད་དང་ཆ་བགོས་བྱེད་པ་སོགས་ལ་བཅའ་ཁྲིམས་སྤྱོད་འཐུས་ཀྱི་གནད་དོན་ཁ་གསལ་བཟོས་ནས། ལས་ཞུགས་བརྟན་པོ་ཡོང་བ་དང་ཁེ་ལས་ལ་ཕན་ཁེ་བསྐྲུན་རྒྱུར་བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུས་ཡོད།

ལོ་ན་མ་སོན་པའི་སྐྱེ་བོ་བདེ་ཐང་ངང་འཚར་ལོངས་འབྱུང་བར་གཅེས་སྐྱོང་བྱས་ཤིང་། (པར་ངོས་བདུན་པར་གཟིགས)(པར་ངོས་དྲུག་པར་མཐུད) ལོ་ན་མ་སོན་པའི་སྐྱེ་བོར་གནོད་འཚེ་བཏང་བའི་ཉེས་གསོག་ལ་བཟོད་སྒོམ་གཏན་ནས་བྱས་མེད་པ་དང་། ལོ་ན་མ་སོན་པའི་སྐྱེ་བོར་གནོད་འཚེ་བཏང་བའི་ཉེས་གསོག་གྱོད་དོན་ངོ་གྲངས་ཁྲི་4དང་མི་ཁྲི་4.4འདྲི་གཅོད་མཇུག་བསྒྲིལ་བ་དེ་ལོ་གོང་མའི་དུས་མཚུངས་དང་བསྡུར་ན་1.8%ཆག་ཡོད། མི་1199ལ་ལོ་ན་མ་སོན་པའི་སྐྱེ་བོ་དང་འབྲེལ་བ་ཟབ་པའི་ལས་དོན་སྤེལ་མི་ཆོག་པའི་བཀའ་བཅད་བཏང་བ་དང་། ལོ་ན་མ་སོན་པའི་སྐྱེ་བོར་གནོད་འཚེ་བཏང་བ་དང་བྱས་ཉེས་ཧ་ཅང་ཚབས་ཆེ་བའི་ཉེས་ཅན་ལ་ཁྲིམས་ལྟར་སྲོག་ཁྲིམས་བཅད་ཡོད། ལོ་ན་མ་སོན་པའི་སྐྱེ་བོས་བྱས་ཉེས་གསོག་རིགས་སྔོན་འགོག་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། གུ་ཡངས་དང་གཟབ་ནན་མཉམ་སྤྱོད་དང་། ཆད་གཅོད་དང་བསླབ་འདོམས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། སློབ་གྲོགས་བུ་མོ་བསད་པའི་ལོ་14ཅན་གྱི་སློབ་མར་ཁྲིམས་ལྟར་ཚེ་བཙོན་གྱི་ཉེས་ཆད་མཐོ་ཤོས་བཅད་པ་དང་། ཉེས་ཚབས་ཆུང་བའི་ལོ་ན་མ་སོན་པའི་སྐྱེ་བོ་5822ལ་ཁྲིམས་ལྟར་ཉེས་ཆད་ཡང་མོ་བཅད་ཡོད།

དྲང་སྙོམས་དྲང་བདེན་དམ་སྲུང་བྱས་ཏེ་སྤུས་ཚད་མཐོ་བའི་ཁྲིམས་འཛིན་ལ་བརྟེན་ནས་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་རམ་འདེགས་བྱས་པ།

རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཤིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཕྱིར་འབྲེལ་གྱོད་དོན་ངོ་གྲངས་ཁྲི་15.9འདྲི་གཅོད་མཇུག་བསྒྲིལ་བ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”སྐབས་དང་བསྡུར་ན་66%འཕར་བ་དེའི་ནང་ཤེས་བྱའི་བདག་དབང་དང་མཚོ་དོན་གྱོད་དོན་ངོ་གྲངས་ཁྲི་4.9དང་ཁྲི་1.2སོ་སོར་ཟིན་པ་དེ་ལོ་གོང་མའི་དུས་མཚུངས་དང་བསྡུར་ན་115.9%དང་84.6%སོ་སོར་འཕར་ཡོད།

རྩོད་གཞི་སེལ་སའི་གནས་ལེགས་ཤོས་རྒྱུན་མཐུད་ངང་བཏོད་ཅིང་། ཕྱིར་འབྲེལ་འདྲི་གཅོད་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། རྒྱལ་སྤྱིའི་ཚོང་དོན་ཁྲིམས་ར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བའི་བསམ་འཆར་བཟོས་ནས། ཕྱིར་འབྲེལ་སྐྱེལ་སྤྲོད་དང་རྒྱལ་ཁོངས་ལས་བརྒལ་བའི་གཏུག་བཤེར་ལ་ཞབས་འདེགས་ཞུ་སྟངས་གསར་གཏོད་བྱས་པ་དང་། ཁོངས་ཕྱིའི་བཅའ་ཁྲིམས་རྩད་གཅོད་མཐའ་གསལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་བས། ཕྱིར་འབྲེལ་འདྲི་གཅོད་ཕན་ནུས་ཆེ་རུ་ཕྱིན་ཡོད།

དྲང་སྙོམས་དྲང་བདེན་དམ་སྲུང་བྱས་ནས་ཁྲིམས་འཛིན་དབང་ཆའི་འཁོར་སྐྱོད་ཚད་ལྡན་དུ་བཏང་ཡོད།

འདྲི་གཅོད་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བརྒྱབ་ཡོད། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དང་འཐུས་ཚང་དུ་བཏང་སྟེ། ཁྲིམས་ཁང་དང་ཁྲིམས་རའི་འགོ་འཛིན་གྱིས་སྣེ་ཁྲིད་དེ་དཀའ་གནད་ཆེ་བའི་གྱོད་དོན་སྒྲུབ་གཉེར་བྱས་པ་མ་ཟད་གྱོད་དོན་ངོ་གྲངས་ཁྲི་1416.3ལ་ལྟ་བཤེར་བྱས་ཡོད། དཔེ་མཚོན་གྱོད་དོན་ཁྲུན་གཅོད་ཀྱིས་དཔེ་སྟོན་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། གོང་རིམ་ཁྲིམས་ཁང་གིས་གྱོད་དོན་ངོ་གྲངས་3200རིམ་སྤར་འདྲི་ཞིབ་བྱས་པ་དེ་ལོ་གོང་མའི་དུས་མཚུངས་དང་བསྡུར་ན་8.5%འཕར་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་འགྲེལ་བཤད་ངོ་གྲངས་15དང་སློབ་སྟོན་རང་བཞིན་གྱི་གྱོད་དཔེ་ངོ་གྲངས་20དང་། དཔེ་མཚོན་གྱོད་དོན་ཁག་101དང་ངོ་གྲངས་641བཟོ་འགྲེམས་བྱས་ཡོད།

ཕྱོགས་ཡོངས་ནས་གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་ཡོད། སྒྲིག་གཞིའི་སྒྲིག་ཁོངས་སྡེ་ཁག་དང་མཉམ་དུ་སྲིད་ཁྲིམས་ཆེད་དམིགས་སྒྲིག་ཁོངས་1353ལ་གཅིག་འདོམས་ཀྱིས་བཀོད་སྒྲིག་དང་བེད་སྤྱོད་བྱས་ནས། ཚད་ཡོད་པའི་ཐོན་ཁུངས་དེ་འདྲི་གཅོད་ལས་འགན་ཆེས་ལྕི་བའི་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཁ་སྣོན་བརྒྱབ་ཡོད། ལས་འཁྱུར་ངལ་གསོ་བྱས་པའི་ཁྲིམས་དཔོན་3700ལྷག་གིས་འགལ་བ་དང་རྩོད་གཞི་འདུམ་སེལ་བྱེད་ཐད་ལ“སྐྲ་དཀར་སྟོབས་ཤུགས”སྐྱེས་སུ་ཕུལ་ཡོད། བལྟོས་བཅས་ཀྱིས་ཉམས་ཞན་པའི་གཞི་རིམ་ཁྲིམས་ཁང་ཁག་གཉིས་པ“ཉམས་ཞན་ལས་གྲོལ་ནས”སྟོབས་ལྡན་དུ་གྱུར་དང་འགྱུར་བཞིན་ཡོད་ལ། “ཧྥེང་ཆའོ་རྣམ་པའི་མི་དམངས་ཁྲིམས་ར”100ཡིས་དཔེ་སྟོན་སྣེ་ཁྲིད་བྱས་ཏེ་གཞི་རིམ་གྱི་ཁྲིམས་འཛིན་ནུས་པ་ཆེ་རུ་བཏང་ཡོད།

དྲང་སྙོམས་དྲང་བདེན་དམ་སྲུང་བྱས་ནས་ཕྱོགས་གང་ཅིའི་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན་བྱས་ཡོད།

མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ཁྲིམས་ལྟར་དང་ལེན་བྱས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དོན་འཁྱོལ་བྱས་ནས། འཐུས་མིའི་གྲོས་འགོ་469དང་། འཐུས་མིའི་གྲོས་ཞིབ་བསམ་འཆར་དོན་ཚན་4072དང་། ནམ་རྒྱུན་གྱི་གྲོས་འགོ་ངོ་གྲངས་247བཅས་སྒྲུབ་གཉེར་བྱས་ཏེ། ཆེད་དོན་ཞིབ་འཇུག་དང་དོན་ཚན་རེ་རེ་བཞིན་དོན་འཁྱོལ་བྱས་ཡོད།

དམངས་གཙོའི་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན་བྱས་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞི་ངོ་གྲངས་185སྒྲུབ་གཉེར་བྱས་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུའི་གྲོས་འགོ་ཧུར་ཐག་གིས་དང་ལེན་བྱས་ཏེ། ཤེས་བྱའི་བདག་དབང་ལ་ཁྲིམས་འཛིན་ཐད་ནས་སྲུང་སྐྱོབ་བྱེད་པའི་སྤུས་ཕྱོད་ཆེ་རུ་བཏང་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མི་ཐེངས་204ལ་འཚམས་འདྲི་དང་སྣེ་ལེན་བྱས་ཡོད།

ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ཁྲིམས་ལྟར་དང་ལེན་བྱས་ཡོད། རྒོལ་གཏུག་གྱོད་དོན་ངོ་གྲངས་8728ལ་དྲང་གཞག་གིས་འདྲི་ཞིབ་བྱས་པ་དང་། གྱོད་དོན་ངོ་གྲངས་3992ལ་ཁྲིམས་ལྟར་ཁྲིམས་བཅད་བསྒྱུར་བ་དེ་ལོ་གོང་མའི་དུས་མཚུངས་དང་བསྡུར་ན་སོ་སོར་15.3%དང་5.2%ཆག་ཡོད།

སྤྱི་ཚོགས་ཀྱི་ལྟ་སྐུལ་རྒྱ་ཁྱབ་ཏུ་དང་ལེན་བྱས་ཡོད། ལས་རིགས་ཁག་ནས་ཡོང་བའི་ཆེད་བསྐོས་ལྟ་སྐུལ་པ་དང་ཆེད་ཞུས་བློ་འདྲི་བའི་བསམ་འཆར་དང་གྲོས་འགོར་ཉན་འཇོག་ནན་ཏན་བྱས་ཡོད། དག་སེལ་ཞུ་བའི་ཡིག་བསྐུར་ངོ་བཅར་གྱོད་དོན་ངོ་གྲངས་ཁྲི་1.6ལ་མངོན་གསལ་དུ་དཔང་ཉན་བྱས་ཡོད། ཁྲིམས་འཛིན་པུའུ་དང་མཉམ་དུ་མི་དམངས་འདྲི་གཅོད་ལས་རོགས་པའི་ལས་དོན་ཚོགས་འདུ་འཚོགས་ཤིང་། མི་དམངས་འདྲི་གཅོད་ལས་རོགས་པ་ཁྲི་34ཡིས་ཁྲིམས་འཛིན་དམངས་གཙོ་དར་སྤེལ་དང་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་ཚད་ཇེ་ཆེར་གཏོང་བར་ནུས་པ་སྔར་ལས་ཆེ་བ་བཏོན་དང་འདོན་བཞིན་ཡོད།

2026ལོའི་ལས་དོན་བཀོད་སྒྲིག

ལྷག་བསམ་རྣམ་དག་གིས་འགན་འཁྲི་བསྒྲུབས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་དོན་དུ་ཁྲིམས་འཛིན་ཟབ་སྤེལ་ཏན་ཏིག་བྱེད་དགོས།

རྒྱལ་ཁབ་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། གུ་ཡངས་དང་གཟབ་ནན་མཉམ་སྤྱོད་ཀྱི་ཉེས་དོན་སྐོར་གྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་བྱེད་དགོས། ཁ་ཕྲལ་དང་། སིམ་འཛུལ། གསང་བ་རྐུ་ཁྱེར། ཆོས་ལུགས་ཐལ་སྤྱོད་སོགས་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ལ་ཁྲིམས་ཆད་ནན་པོ་གཅོད་དགོས། དྲག་ཤུགས་ཉེས་གསོག་ཚབས་ཆེན་ལ་ཁྲིམས་ལྟར་ཉེས་ཆད་ནན་པོ་དང་ལྕི་མོས་འདོམས་དགོས། ནག་སེལ་གཤེད་འཇོམས་རྒྱུན་རྣམ་ཅན་དུ་སྤེལ་བའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་དང་དུག་རྫས་སོགས་ཀྱི་ཉེས་གསོག་ལ་ཁྲིམས་ཀྱིས་འདོམས་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་ལྟར་རུལ་སུངས་ཀྱི་ཉེས་གསོག་ལ་ཁྲིམས་ཆད་གཅོད་དགོས། ཁྲིམས་མིན་གྱི་དངུལ་རྩའི་བྱེད་སྒོར་འགོག་ཟོན་དང་རྡུང་རྡེག་གཏོང་དགོས། དྲ་རྒྱའི་བར་སྟོང་བཅོས་སྐྱོང་གི་ཁྲིམས་འཛིན་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། ལོ་ན་མ་སོན་པའི་སྐྱེ་བོས་བྱས་ཉེས་གསོག་རིགས་སྔོན་འགོག་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། འགྲོ་བ་མིའི་ཐོབ་ཐང་ལ་ཁྲིམས་འཛིན་འགན་སྲུང་བྱེད་པར་ཤུགས་རྒྱག་དགོས། ཁྲིམས་ལྟར་སྲིད་འཛིན་པར་ལྟ་སྐུལ་དང་རྒྱབ་སྐྱོར་བྱེད་དགོས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་མཉམ་སྡེབ་ཀྱིས་སྐུལ་འདེད་གཏོང་བ་དང་། གཏུག་བཤེར་དང་འབྲེལ་བ་ཡོད་པའི་ཡིག་སྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་བསྒྱུར་རྒྱུ་དོན་འཁྱོལ་བྱས་ནས། འགལ་བ་དང་རྩོད་གཞི་ཐབས་ལམ་སྣ་མང་དང་དོན་དམ་པའི་སྒོ་ནས་སེལ་དགོས། དམངས་དོན་དང་སྲིད་འཛིན་གྱོད་དོན་བསྒྲུབས་པའི་སྤུས་ཕྱོད་སྔར་བས་ཆེ་རུ་གཏོང་བ་དང་། ཁྲིམས་ལུགས་འགྲེལ་བཤད་དང་གནས་ལུགས་གསལ་བཤད་ཡག་པོ་བྱས་ནས་གྱོད་བཅད་དོན་འགྲུབ་དང་ཚད་འབེབས་རྩོད་འདུམ་ཡོང་བར་བྱེད་དགོས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་རམ་འདེགས་བྱེད་དགོས། གྲངས་ཀའི་དཔལ་འབྱོར་དང་། “མིས་བཟོས་རིག་ནུས་+”སོགས་ཚད་ལྡན་ངང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་དགོས། སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པར་ཁྲིམས་འཛིན་ཤུགས་ཆེར་གཏོང་དགོས། དམངས་གཉེར་དཔལ་འབྱོར་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས་ལག་ལེན་མཐར་ཕྱིན་བྱེད་དགོས། ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་བསྟར་ཁྲིམས་འཛིན་གྱི་ཡུན་ཕན་ལམ་སྲོལ་ཆ་ཚང་དང་ཚད་ལྡན་དུ་གཏོང་དགོས། ཁྲིམས་འཛིན་གྱི་ཁྲིམས་བཅད་ལག་བསྟར་དང་མ་རྩ་སྟོངས་པའི་ལམ་ལུགས་སྦྲེལ་མཐུད་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་ལ་ཁྲིམས་འཛིན་གྱིས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོང་ཁྱེར་གསར་སྒྱུར་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་བྱེད་པར་རོགས་འདེགས་བྱེད་དགོས། དམག་དཔུང་དང་འབྲེལ་བའི་ཁེ་དབང་སྲུང་སྐྱོང་ལས་དོན་ལ་ཤུགས་རྒྱག་དགོས། ཀང་ཨའོ་ཐའེ་གསུམ་གྱི་སྤུན་ཟླ་དང་ཕྱིར་སྡོད་རང་མིའི་ཁེ་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། བུད་མེད་དང་བྱིས་པ། རྒན་རྒོན། དབང་པོ་སྐྱོན་ཅན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས། དྲང་སྙོམས་སྒྲིག་ཡོད་ཀྱི་ལས་ཞུགས་ཁོར་ཡུག་སྐྲུན་དགོས། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་པ་དར་སྤེལ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་སྐྱོང་ལ་བརྩི་མཐོང་དང་། སྒྲིག་སྲོལ་དམ་སྲུང་། གན་རྒྱར་བརྩི་འཇོག དྲང་གཞག་ལ་སྲུང་སྐྱོང་བཅས་བྱེད་པའི་ཁོར་ཡུག་བཟང་པོ་སྐྲུན་དགོས།

བདེན་སྲུང་གསར་གཏོད་ཀྱིས་ཁྲིམས་འཛིན་དྲང་གཞག་གི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་དགོས།

མི་དམངས་ཁྲིམས་ཁང་གི“ལོ་ལྔ་ཚན་དྲུག་པའི་སྒྱུར་བཅོས་རྩ་གནད”ལག་བསྟར་གཏིང་ཟབ་བྱེད་དགོས། ཁྲིམས་འཛིན་དབང་ཆ་འཁོར་སྐྱོད་བྱེད་ཚུལ་ཚད་ལྡན་དུ་གཏོང་བ་དང་། ཁྲིམས་འཛིན་དྲང་གཞག་མངོན་འགྱུར་དང་གདེང་འཇོག་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ཁྲིམས་འཛིན་ཁྲུན་གཅོད་ཀྱི་དྲང་གཞག་རང་བཞིན་དང་། བརྟན་བརླིང་རང་བཞིན། དབང་གྲགས་རང་བཞིན་བཅས་ཆེ་རུ་གཏོང་དགོས། འདྲི་གཅོད་ལྟེ་བར་འཛིན་པའི་ཉེས་དོན་གཏུག་བཤེར་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། ཕྱིར་འབྲེལ་འདྲི་གཅོད་མ་ལག་དང་ནུས་པ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། ཆེད་དོན་ཁྲིམས་ཁང་འཛུགས་སྟངས་ཚད་ལྡན་དུ་གཏོང་དགོས། སྲིད་འཛིན་གྱོད་དོན་ལ་རིམ་འབྱེད་བདག་སྐྱོང་དང་། གཅིག་བསྡུས་ཀྱིས་བདག་སྐྱོང་། ཡུལ་གཞན་དུ་བདག་སྐྱོང་བཅས་བྱེད་སྟངས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། རྒྱལ་ཁབ་ཀྱི་ལག་བསྟར་སྒྲིག་སྲོལ་ཆ་ཚང་དུ་གཏོང་དགོས། ཁྲིམས་འཛིན་ཆོས་ཉིད་དང་མཐུན་པའི་འདྲི་གཅོད་དོ་དམ་མུ་མཐུད་དུ་ལེགས་སྒྱུར་བྱེད་དགོས། གྱོད་ཐོ་འགོད་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། སྔོན་ལ་བར་འདུམ་བྱེད་ཤུགས་ཇེ་ཆེ་དང་ཚད་ལྡན་དུ་གཏོང་དགོས། ཕྱོད་ཆེ་དམངས་ཕན་དང་བློ་གྲོས་གནད་འཁེལ་གྱི་གཏུག་བཤེར་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། གྲངས་ཀའི་ཁྲིམས་ཁང་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས།

དམ་ནན་བྱམས་སྐྱོང་གིས་འགན་འཁྲི་ལྕི་མོ་འཁུར་ཐུབ་པའི་དུས་རབས་གསར་པའི་ཁྲིམས་ཁང་གི་ཧྲག་དམག་སྐྱེད་སྲིང་བྱེད་དགོས།

ཆབ་སྲིད་འཛུགས་སྐྲུན་དང་། ལས་སྒོ་འཛུགས་སྐྲུན། ལས་རིགས་ཀུན་སྤྱོད་འཛུགས་སྐྲུན་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་གཏིང་ཟབ་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བཙུགས་ཐོག་ལག་བསྟར་བྱས་ནས་འཁུར་ལེན་ལས་བརྩོན་བྱེད་པར་སྐུལ་མ་གཏོང་དགོས། ཕྱི་འབྲེལ་དང་། དངུལ་རྩ། མ་རྩ་སྟོངས་པ། ཤེས་བྱའི་བདག་དབང་། ཁོར་ཡུག་ཐོན་ཁུངས་སོགས་ཀྱི་ཆེད་ལས་ཅན་གྱི་འདྲི་གཅོད་ཤེས་ལྡན་མི་སྣ་མགྱོགས་མྱུར་ངང་གསོ་སྐྱོང་དང་གྲབས་གསོག་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ལ་དོ་དམ་དང་ཁྲིམས་ཁང་བཅོས་སྐྱོང་བྱ་རྒྱུར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ་དང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་དྲང་གཞག་སྤྱོད་གཙང་གི་ཁྲིམས་འཛིན་ལ་འགན་ལེན་ཏན་ཏིག་བྱེད་དགོས། (རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས)