2025ལོའི་ལས་ཀར་ཕྱིར་མིག་ལྟ་བ།
2025ལོར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་ནུས་ལྡན་འོག ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་ཆོད་དོན་འཁྱོལ་ནན་ཏན་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཆེ་རུ་སྐྱེད་པ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཡོད། ཏང་གིས་ཞིབ་དཔྱོད་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ནང་མཉམ་འདྲེས་ཧུར་ཐག་བྱེད་པ། སྔར་བས་འཐུས་སྒོ་ཚང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་ཆུ་ཚད་སྔར་བས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་དམིགས་ཤིང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དམངས་དོན་དུ་ཁྲིམས་འཛིན་པ། ཁྲིམས་སྐྱོང་བར་འཁུར་ལེན་པ་བཅས་རྒྱུན་འཁྱོངས་བྱས་ཐོག ཞིབ་དཔྱོད་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤུས་ཚད་དང་ཕན་འབྲས་མཐོ་བའི་སྒོ་ནས་གྱོད་དོན་རེ་རེ་བཞིན་ཡག་པོ་བསྒྲུབས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་ཞིབ་དཔྱོད་ལག་ལེན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་བཅས་བྱས་པར་བརྟེན། ཞིབ་དཔྱོད་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྱོན་བསྡོམས་རིགས་ཁག་གི་གྱོད་དོན་ངོ་གྲངས་ཁྲི་346.7སྒྲུབ་གཉེར་བྱས་པ་དང་། དེའི་ནང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་དོན་ངོ་གྲངས་8151སྒྲུབ་གཉེར་བྱས་ཡོད།
གཅིག སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་མཐར་ཕྱིན་བྱས་ཏེ་ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ཡོད།
ཞིབ་དཔྱོད་ཀྱི་འགན་ནུས་ཁྲིམས་ལྟར་བསྒྲུབས་པ་དང་། དམ་ལྷོད་ཟུང་འབྲེལ་གྱི་ཉེས་དོན་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་གནད་འཁེལ་བྱས་ཏེ། རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཡོད། ལོ་ཧྲིལ་པོར་རིགས་ཁག་གི་དོགས་ཡོད་ཉེས་ཅན་ཁྲི་66.4འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད་པ་དང་། མི་ཁྲི་140.4གཞུང་གཏུག་བྱས་པ་དེ་ལོ་གོང་མའི་དུས་མཉམ་དང་བསྡུར་ན་ཁག་སོ་སོར་11.7%དང་13.9%ཆག་ཡོད། རང་རྒྱལ་གྱི་སྤྱི་ཚོགས་བདེ་སྐྱོང་གི་གནས་བབ་རྒྱུན་མཐུད་ངང་ལེགས་སུ་སོང་བས། འཛམ་གླིང་ཐོག་ཆེས་བདེ་འཇགས་ཡིན་པའི་རྒྱལ་ཁབ་ཀྱི་གྲས་ཡིན།
རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱས་ཉེས་བསགས་རིགས་ལ་ཁྲིམས་ལྟར་ཉེས་ཆད་ནན་པོ་བཅད་པ་དང་། དགྲར་འཛིན་སྟོབས་ཤུགས་ཀྱིས་སིམ་འཛུལ་དང་། གཏོར་བརླག མགོ་རྟིང་སློག་པ། ཁ་ཕྲལ་གཏོང་བ་བཅས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ཡོད། “ཐའེ་ཝན་རང་བཙན”གྱི་ངན་རེངས་པས་རྒྱལ་ཁབ་ཁ་ཕྲལ་གཏོང་བ་དང་། རྒྱལ་ཁབ་ཁ་ཕྲལ་གཏོང་བར་ངན་སྐུལ་བྱེད་པའི་ཉེས་གསོག་ལ་ཁྲིམས་ལྟར་ཉེས་ཆད་བཅད་དེ། རྒྱལ་ཁབ་ཀྱི་བདག་དབང་དང་། གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱས་ཡོད།
སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་ལ་ཤུགས་བརྒྱབ་ཡོད། དྲག་ཤུགས་ཀྱིས་བྱས་ཉེས་ཚབས་ཆེན་བསགས་པར་ཉེས་ཆད་ནན་པོ་བཅད་པ་དང་། བསམ་བཞིན་དུ་མི་བསད་པ་དང་། འཕྲོག་བཅོམ། བཙན་ཁྲིད་སོགས་ཀྱི་ཉེས་གསོག་མི་ཁྲི་5.4ཞུ་གཏུག་བྱས་ཡོད། ར་བཟི་འཁོར་གཏོང་གི་ཉེས་དོན་གྱོད་གཞི་སྒྲུབ་གཉེར་བྱེད་པའི་བསམ་འཆར་རྒྱུན་མཐུད་དོན་འཁྱོལ་བྱས་པ་དང་། ཞིབ་བཤེར་ཞུ་གཏུག་གི་ཉེན་ལྡན་འཁོར་གཏོང་ཉེས་གསོག་མི་ཁྲི་25.5བདག་སྤྲོད་བྱས་པ་དང་། མི་ཁྲི་23.04ཞུ་གཏུག་བྱས་པས། ལོ་གོང་མའི་དུས་མཉམ་དང་བསྡུར་ན་སོ་སོར་21.5%དང་16.5%ཆག་ཡོད། རྒྱལ་ཡོངས་ཀྱི་ཆང་འཐུང་དང་ར་བཟི་འཁོར་གཏོང་དང་འབྲེལ་བའི་འགྲིམ་འགྲུལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ནི་ལོ་གོང་མའི་དུས་མཉམ་དང་བསྡུར་ན་13.8%ཆག་ཅིང་། ར་བཟི་འཁོར་གཏོང་བཅོས་སྐྱོང་གི་ཕན་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་སོང་ཡོད།
དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། དྲ་རྒྱའི་གཏུམ་སྤྱོད་དང་། དྲ་རྒྱའི་དཀྲོག་གཏམ། དྲ་རྒྱའི་བསྙད་འདོགས་རྒྱུ་འཕྲོག “དྲ་རྒྱའི་ཆུ་དམག”སོགས་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་ཉེས་ཆད་བཅད་ཅིང་། དྲ་རྒྱ་སྤྱད་ནས་ཉེས་པ་གསོག་པའི་མི་ཁྲི་18.2ཞུ་གཏུག་བྱས་ཡོད། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་ཁྲིམས་ལྟར་ཉེས་ཆད་བཅད་དེ། མི་ཁྲི་6.9ཞུ་གཏུག་བྱས་ཡོད། སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ལ་ཁྲིམས་འཛིན་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས། འབྲེལ་ཡོད་ཉེས་གསོག་མི་6142ཞུ་གཏུག་བྱས་པ་དང་། སྤྱི་ཕན་གཏུག་བཤེར་གྱི་གྱོད་དོན་ངོ་གྲངས་4456སྒྲུབ་གཉེར་བྱས་ནས་དྲ་རྒྱའི་བར་སྟོང་གི་སྒྲིག་ལམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད།
གཉིས། ཆ་ཚང་དང་། ཡང་དག ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ཡོད།
སྤྱི་ཡོངས་སྟངས་འཛིན་བྱེད་པའི་ཁྲོད་ཞིབ་དཔྱོད་ཀྱི་ངེས་གནས་འཚོལ་ཞིབ་གནད་འཁེལ་དང་། སྤྱི་ཡོངས་ནང་མཉམ་འདྲེས་བྱེད་པའི་ཁྲོད་ཞིབ་དཔྱོད་ཀྱི་འགན་འཁྲི་ནན་སྒྲུབ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཞིབ་དཔྱོད་ལས་དོན་ལ་སྐུལ་འདེད་བཅས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ཁྲིམས་འཛིན་གྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད།
རུལ་རྒོལ་འཐབ་རྩོད་ནང་ཧུར་ཐག་ཞུགས་ཡོད། ལྟ་ཞིབ་ཨུ་ལྷན་རིམ་པ་ཁག་གིས་སྤོ་སྐྱེལ་བྱས་པའི་ལས་ཐོག་ཉེས་གསོག་མི་ཁྲི་3.05བདག་སྤྲོད་དང་། མི་ཁྲི་2.9ཞུ་གཏུག་བྱས་པ་དེ་ལོ་གོང་མའི་དུས་མཉམ་དང་བསྡུར་ན་སོ་སོར་10.8%དང་20.5%འཕར་ཞིང་། དེའི་ནང་ཝུའུ་དབྱིང་ཅེ་དང་ཐང་རེན་ཅན་སོགས་དེ་སྔའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་མི་44ཞུ་གཏུག་བྱས་ཡོད། གཙོ་གནད་ཁྱབ་ཁོངས་ཀྱི་རུལ་སུངས་ལ་མཉམ་སྡེབ་ངང་བཅོས་སྒྲིག་བྱས་ནས། དངུལ་རྩ་དང་། གཞུང་ཁོངས་ཁེ་ལས། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་ལས་ཐོག་ཉེས་གསོག་མི་9174ཞུ་གཏུག་བྱས་ཡོད།
ཤེས་བྱའི་ཐོན་དབང་ལ་ཁྲིམས་འཛིན་ཐོག་ནས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་མཉམ་འབྲེལ་ཐོག་ཤེས་བྱའི་ཐོན་དབང་ལ་གནོད་འཚེ་གཏོང་བའི་ཉེས་དོན་གྱོད་དོན་ཞིབ་གཅོད་སྐོར་གྱི་ཁྲིམས་འཛིན་འགྲེལ་བཤད་གཏན་འབེབས་བྱས་པ་དང་ཚོང་རྟགས་ཀྱི་ཐོན་དབང་དང་། རྩོམ་གྱི་ཐོན་དབང་། ཚོང་ལས་ཀྱི་གསང་བ། ཆེད་ཁེ་རྫུན་བཟོ་བྱས་པ་སོགས་ཀྱི་ཉེས་གསོག་མི་ཁྲི་1.9ཞུ་གཏུག་བྱས་ཡོད། ཤེས་བྱའི་ཐོན་དབང་གི་དམངས་དོན་དང་། སྲིད་འཛིན། སྤྱི་ཕན་བཅས་ཀྱི་གཏུག་བཤེར་གྱོད་དོན་ངོ་གྲངས་3658སྒྲུབ་གཉེར་བྱས་ཤིང་། ཤེས་བྱའི་ཐོན་དབང་ལ་བསམ་ངན་གྱིས་གཏུག་བཤེར་བྱེད་པའི་ཆེད་དོན་ལྟ་སྐུལ་ཟབ་སྤེལ་བྱས་ཏེ། གསར་གཏོད་ཀྱི་ཁོར་ཡུག་བཟང་པོ་གཏོད་རྒྱུར་སྐུལ་སྤེལ་བཏང་ཡོད།
མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུས་ཡོད། རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་ཐོན་ཁུངས་ལ་གཏོར་བཤིག་བཏང་བའི་ཉེས་གསོག་མི་ཁྲི་3.3ཞུ་གཏུག་བྱས་པ་དང་། སྤྱི་ཕན་གཏུག་བཤེར་གྱི་གྱོད་དོན་ངོ་གྲངས་ཁྲི་4.7སྒྲུབ་གཉེར་བྱས་ཤིང་། སྐྱེ་ཁམས་ཁོར་ཡུག་གི་གནོད་འཚེའི་གུན་གསབ་སྒོར་དུང་ཕྱུར་10.3འཇལ་འདེད་བྱས་ཡོད། འདབ་ཆགས་རིགས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ལ་ཆེད་དོན་ལྟ་སྐུལ་བྱ་རྒྱུའི་བཀོད་སྒྲིག་བྱས་ཏེ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་དོན་གནད་ཆེན་ངོ་གྲངས་13ལ་མིང་སྦྱར་སྐུལ་སྒྲུབ་བྱས་ཡོད། སྐྱེ་ཁམས་ཁོར་ཡུག་པུའུ་དང་ཆུ་བེད་པུའུ་སོགས་དང་མཉམ་དུ་རོགས་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་། འབྲི་ཆུ་དང་། རྨ་ཆུ། ཀྲུའུ་ཅང་གཙང་པོ་སོགས་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཁྲིམས་འཛིན་ཐོག་ནས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ཡོད།
གསུམ། དམངས་འཚོ་དོན་ཆེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་མི་དམངས་ཀྱི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱས་ཡོད།
དམངས་དོན་གཙོར་འཛིན་གྱི་དགོངས་དོན་ལག་བསྟར་བྱས་པ་དང་། “ཞིབ་དཔྱོད་ཀྱིས་དམངས་འཚོ་སྲུང་བའི”ཆེད་དམིགས་བྱ་སྤྱོད་ཟབ་སྤེལ་བྱས་ཏེ། དམངས་འཚོའི་ཁྲིམས་འཛིན་འགན་སྲུང་ལ་ཤུགས་བརྒྱབ་ཡོད།
དམངས་འཚོའི་ཁྱབ་ཁོངས་ཀྱི་གྱོད་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཡོད། ཟས་རིགས་དང་སྨན་རྫས་བདེ་འཇགས་ལ་ཁྲིམས་འཛིན་གྱིས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ། དུག་དང་གནོད་པ་ལྡན་པའི་ཟས་རིགས་དང་སྨན་རྫས་རྫུན་མ་དང་སྤུས་ཞན་སྨན་རྫས་བཟོ་ཚོང་བྱས་པའི་ཉེས་གསོག་མི་ཁྲི་1.2ཞུ་གཏུག་བྱས་པ་དང་། སྤྱི་ཕན་གཏུག་བཤེར་གྱི་གྱོད་དོན་ངོ་གྲངས་ཁྲི་2.7སྒྲུབ་གཉེར་བྱས་ཡོད། སྤྱི་ཚོགས་འགན་བཅོལ་དང་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ཀྱི་མགོ་སྐོར་གཡོ་ལེན་བྱས་པར་ཆེད་དོན་བཅོས་སྒྲིག་བྱས་ཏེ། འབྲེལ་ཡོད་ཉེས་གསོག་མི་5256ཞུ་གཏུག་བྱས་ཤིང་། གཏུག་བཤེར་རྫུན་མ་བྱས་པའི་གྱོད་དོན་ངོ་གྲངས་573ཡོ་བསྲང་བྱེད་པར་ལྟ་སྐུལ་བྱས་ནས། མི་སེར་གྱི“རྒན་གསོའི་དངུལ”དང“སྲོག་སྐྱོབ་དངུལ”སྲུང་སྐྱོབ་བྱས་ཡོད། སྨན་པར་རྨས་སྐྱོན་དང་སྨན་བཅོས་ལ་འགོག་རྐྱེན་བཟོས་པའི་ཉེས་གསོག་མི་108ཞུ་གཏུག་བྱས་ཏེ། བདེ་འཇགས་སྨན་ཁང་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་བཏང་ཡོད། འགན་འཁྲིའི་ལས་འཛོལ་ཚབས་ཆེན་དང་ཉེན་ཅན་ལས་སྒྲུབ་སོགས་ཀྱི་ཉེས་གསོག་མི་4494ཞུ་གཏུག་བྱས་ནས། ཐོན་སྐྱེད་བདེ་འཇགས་ཡོང་བར་འགན་སྲུང་བྱས་ཡོད།
ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱས་ཡོད། གླ་ཕོགས་ཆད་རིགས་བཅོས་སྐྱོང་བྱེད་པའི་ལས་ཀར་ཧུར་ཐག་ཞུགས་ཏེ། ངལ་རྩོལ་གྱི་ཐོབ་ཆ་གཏན་ནས་མི་སྤྲོད་པའི་ཉེས་གསོག་མི་1190ཞུ་གཏུག་བྱས་པ་དང་། གླ་རྒྱག་ཞིང་པའི་གླ་ཆ་འདེད་ལེན་བྱས་པའི་གྱོད་དོན་ངོ་གྲངས་ཁྲི་2.8གཏུག་བཤེར་བྱས་ནས་གླ་ཕོགས་འགྱངས་ཆད་བྱས་པའི་སྒོར་དུང་ཕྱུར་13.5བདའ་འདེད་བཏང་ཡོད། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་ལ་འགན་སྲུང་བྱེད་པའི་ལྟ་སྐུལ་བྱེད་སྒོ་སྤེལ་ཏེ། སྤྱི་ཕན་གཏུག་བཤེར་གྱི་གྱོད་དོན་ངོ་གྲངས་690སྒྲུབ་གཉེར་བྱས་ཡོད།
ལོ་ན་མ་སོན་པའི་སྐྱེ་བོའི་ཁེ་དབང་སྲུང་སྐྱོབ་དང་ཉེས་གསོག་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་ཡོད། ལོ་ན་མ་སོན་པའི་སྐྱེ་བོར་གནོད་འཚེ་བཏང་བའི་ཉེས་གསོག་ལ་བཟོད་སྒོམ་གཏན་ནས་མི་བྱེད་པར། མི་ཁྲི་7.3ཞུ་གཏུག་བྱས་ཡོད། ཉེས་གསོག་དང་འབྲེལ་བའི་ལོ་ན་མ་སོན་པའི་སྐྱེ་བོ་ལ་ཁྲིམས་ལྟར་ཆད་གཅོད་དང་། སློབ་གསོ། བློ་འགུག སྐྱོབ་ཐབས་བཅས་བྱས་ནས་མི་ཁྲི་5.6ཞུ་གཏུག་བྱས་ཡོད། བྱས་ཉེས་ཀྱི་ཉེས་ཚབས་ཆུང་བ་དང་། ནག་ཉེས་ངོས་ལེན་ཧུར་ཐག་བྱས་རིགས་ལ། ཆ་རྐྱེན་ཟུར་བཀོད་བྱས་ནས་མི་ཁྲི་1.6ཞུ་གཏུག་བྱས་མེད། ཞིབ་དཔྱོད་ལས་ཁུངས་ཀྱིས་ལོ་ན་མ་སོན་པའི་སྐྱེ་བོར་གནོད་འཚེ་བཏང་བའི་བྱས་ཉེས་བསགས་རིགས་ཞུ་གཏུག་དང་འདྲི་ཞིབ་ཞུ་གཏུག་བྱས་པའི་ལོ་ན་མ་སོན་པའི་སྐྱེ་བོས་བྱས་ཉེས་བསགས་རིགས་བདག་སྤྲོད་བྱས་པ་དེ་དུས་མཚུངས་དང་བསྡུར་ན་སོ་སོར་2.2%དང་9.8%ཆག་པ་དང་། ཉེ་བའི་ལོ་ལྔའི་རིང“གཉིས་ཀ་ཆག་པ”ཐེངས་དང་པོ་ཡིན།
དམིགས་བསལ་མི་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་བྱས་ཡོད། བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་དང་མཉམ་ལས་ཟབ་སྤེལ་བྱས་ཏེ། ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་དཔེ་མཚོན་གྱོད་དོན་ཁྱབ་བསྒྲགས་བྱས་པ་དང་། བུད་མེད་ཀྱི་མི་ལུས་ཁེ་དབང་དང་མི་གཞིའི་ལ་རྒྱར་གནོད་འཚེ་བཏང་བ་སོགས་ཀྱི་ཉེས་གསོག་མི་ཁྲི་4.3ཞུ་གཏུག་བྱས་པ་དང་། སྤྱི་ཕན་གཏུག་བཤེར་གྱི་གྱོད་དོན་ངོ་གྲངས་2259སྒྲུབ་གཉེར་བྱས་ཡོད། རྒན་རྒོན་གྱི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད། དམངས་སྲིད་པུའུ་སོགས་དང་མཉམ་དུ་ལས་ཀའི་ལམ་སྲོལ་ཆ་ཚང་དུ་བཏང་ཞིང་། རྒན་རྒོན་གྱི་ཁེ་དབང་ལ་གནོད་འཚེ་བཏང་བའི་ཉེས་གསོག་མི་ཁྲི་5.03ཞུ་གཏུག་བྱས་པ་དང་། རྒན་རྒོན་དང་འབྲེལ་བ་ཡོད་པའི་ལྟ་སྐྱོང་དང་བསྙེན་བཀུར་སོགས་ཀྱི་གཏུག་བཤེར་ལྟ་སྐུལ་གྱོད་དོན་ངོ་གྲངས་1562སྒྲུབ་གཉེར་བྱས་ཡོད། དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད། ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་དང་མཉམ་དུ་དཔེ་མཚོན་གྱི་གྱོད་དོན་ཁྱབ་བསྒྲགས་བྱས་ནས། གེགས་མེད་ཁོར་ཡུག་འཛུགས་སྐྲུན་གྱི་སྤྱི་ཕན་གཏུག་བཤེར་གྱི་གྱོད་དོན་ངོ་གྲངས་4723སྒྲུབ་གཉེར་བྱས་ཡོད།
བཞི། ཞིབ་དཔྱོད་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་སྤེལ་བཏང་ཡོད།
ཉེས་དོན་ཞིབ་དཔྱོད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཡོད། ཞིབ་བཤེར་འཛིན་བཟུང་དང་ཞིབ་བཤེར་ཞུ་གཏུག་གི་འགན་ནུས་ལ་ཤུགས་བརྒྱབ་ཡོད། དངོས་ཡོད་དང་དྲང་གཞག་གི་ལངས་ཕྱོགས་བཟུང་སྟེ། འགྲོ་བ་མིའི་ཐོབ་ཐང་ལ་ཁྲིམས་འཛིན་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ་དང་། བྱས་ཉེས་དང་ཉེས་ཆད་ཁྲིམས་བཀོད་དང་། དོགས་ཉེས་མེད་པར་བརྩི་བ་སོགས་ཀྱི་རྩ་དོན་ལག་ལེན་མཐར་ཕྱིན་བསྟར་ཐོག འཛིན་བཟུང་དང་ཞུ་གཏུག་གི་ཁྲིམས་བཀོད་ཆ་རྐྱེན་སྟངས་འཛིན་ཡང་དག་བྱས་ནས་ཁྲིམས་ལྟར་མི་ཁྲི་32.6ལ་འཛིན་བཟུང་གི་ཆོག་མཆན་སྤྲད་མེད་པ་དང་། མི་ཁྲི་34.7ལ་ཞུ་གཏུག་བྱས་མེད།
དམངས་དོན་ཞིབ་དཔྱོད་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཡོད། དམངས་དོན་ཁྲིམས་གཞུང་ལག་བསྟར་ནན་ཏན་བྱས་ཏེ། དངོས་གནས་ནོར་འཁྲུལ་འདུག་སྙམ་པའི་དམངས་དོན་ནུས་ཐོན་ཁྲུན་བཅད་ལ་རྒོལ་གཏུག་དང་བསྐྱར་ཞིབ་ཀྱི་ཞིབ་དཔྱོད་གྲོས་འགོ་ངོ་གྲངས་ཁྲི་1.1བཏོན་པ་དང་། ཁྲིམས་ཁང་གིས་གྱོད་དོན་ངོ་གྲངས་9175འདྲི་གཅོད་མཇུག་སྒྲིལ་བྱས་པ་དེའི་ནང་དཔྱད་མཚམས་བསྒྱུར་བ་དང་། ཕྱིར་བསློགས་ནས་བསྐྱར་དུ་འདྲི་གཅོད་བྱས་པ། འདུམ་འགྲིག་དང་བར་འདུམ་ཞུ་གཏུག་ཕྱིར་འཐེན་བྱས་པ་བཅས་ཀྱིས་90.7%བཟུང་ཡོད།
(པར་ངོས་བདུན་པར་གཟིགས)(པར་ངོས་དྲུག་པར་མཐུད)
གཏུག་བཤེར་རྫུན་མའི་ཆེད་དོན་ལྟ་སྐུལ་ཟབ་སྤེལ་བྱས་ནས་གྱོད་དོན་ངོ་གྲངས་5728ཡོ་བསྲང་བྱེད་པར་སྐུལ་འདེད་བཏང་བ་དང་། གཏུག་བཤེར་རྫུན་མའི་ཉེས་གསོག་མི་734ཞུ་གཏུག་བྱས་ཡོད།
སྲིད་འཛིན་ཞིབ་དཔྱོད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཡོད། དངོས་གནས་ནོར་འཁྲུལ་འདུག་སྙམ་པའི་སྲིད་འཛིན་ནུས་ཐོན་ཁྲུན་བཅད་ལ་རྒོལ་གཏུག་དང་བསྐྱར་ཞིབ་ཀྱི་ཞིབ་དཔྱོད་གྲོས་འགོ་ངོ་གྲངས་646བཏོན་པ་དང་། ཁྲིམས་ཁང་གིས་གྱོད་དོན་ངོ་གྲངས་387འདྲི་གཅོད་མཇུག་སྒྲིལ་བྱས་པ་དེའི་ནང་དཔྱད་མཚམས་བསྒྱུར་བ་དང་། ཕྱིར་བསློགས་ནས་བསྐྱར་དུ་འདྲི་གཅོད་བྱས་པ། འདུམ་འགྲིག་དང་བར་འདུམ་ཞུ་གཏུག་ཕྱིར་འཐེན་བྱས་པ་བཅས་ཀྱིས་76%བཟུང་ཡོད། སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་ཀྱིས་ཉེས་གསོག་དོགས་ཡོད་གྱོད་དོན་ངོ་གྲངས་3238སྤོ་སྐྱེལ་བྱེད་པར་སྐུལ་འདེད་བཏང་བ་དང་། མི་ཁྲི་14.1ལ་ཞུ་གཏུག་བྱས་མེད་ཀྱང་སྲིད་འཛིན་ཉེས་ཆད་འཁུར་དགོས་པའི་ཞིབ་དཔྱོད་བསམ་འཆར་བཏོན་ནས། སྲིད་འཛིན་ཆད་གཅོད་དང་ཉེས་དོན་ཆད་གཅོད་ཕྱོགས་གཉིས་འབྲེལ་མཐུད་ཡོང་བར་སྐུལ་འདེད་བཏང་ཡོད།
ལྔ། ལྟ་སྐུལ་དང་ལེན་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་ནས། ཞིབ་དཔྱོད་དབང་ཆ་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་ལམ་བུའི་ཐོག་འཁོར་སྐྱོད་ཐུབ་པར་འགན་ལེན་ཏན་ཏིག་བྱས་ཡོད།
ཞིབ་དཔྱོད་དབང་ཆ་འཁོར་སྐྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་དབང་ཆ་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ་དང་། ཁྲིམས་ལྟར་འགན་འཁྲི་ནན་སྒྲུབ་དང་ཁྲིམས་འཛིན་དྲང་གཞག་ཡོང་བར་འགན་སྲུང་བྱས་ཡོད།
མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་ཧུར་ཐག་བྱས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ཉེས་ཆད་ལག་བསྟར་ལྟ་སྐུལ་ལས་དོན་གྱི་ཆེད་དོན་སྙན་སྒྲོན་ཕུལ་ནས་གྲོས་ཞིབ་བསམ་འཆར་དོན་འཁྱོལ་ནན་ཏན་བྱས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མི་ཐེངས་1625ཞིབ་དཔྱོད་ལས་དོན་ལ་གཟིགས་ཞིབ་དང་། ཞིབ་དཔྱོད་བྱེད་སྒོར་ཞུགས་པར་གདན་འདྲེན་ཞུས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་2257ལ་འཚམས་འདྲི་བྱས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཚོགས་ཆེན་འཚོགས་རིང་བཏོན་པའི་ཡིག་ཐོག་གི་གྲོས་འགོ་ངོ་གྲངས་213དང་། གྲོས་ཞིབ་སྙན་སྒྲོན་དང་གཟིགས་ཞིབ་བརྟག་ཞིབ་བྱེད་སྐབས་བཏོན་པའི་བསམ་འཆར་དང་གྲོས་འགོ་ངོ་གྲངས་4011ཚང་མ་སྒྲུབ་གཉེར་ནན་ཏན་དང་ལན་འདེབས་ལན་སྤྲོད་བྱས་ཡོད།
དམངས་གཙོའི་ལྟ་སྐུལ་རང་འགུལ་ངང་དང་ལེན་ཧུར་ཐག་བྱས་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གདན་འདྲེན་ཞུས་ནས་མི་ཐེངས་319བརྟག་ཞིབ་དང་ཞིབ་དཔྱོད་དཔང་ཉན་སོགས་ཀྱི་བྱེད་སྒོར་ཞུགས་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞི་ངོ་གྲངས་76གཉེར་སྒྲུབ་ནན་ཏན་བྱས་ཡོད། ཆེད་བསྐོས་ཞིབ་དཔྱོད་པ་སྒྲིག་འཛུགས་བྱས་ནས་ཞིབ་དཔྱོད་ལས་དོན་ལ་ཆེད་དོན་བརྟག་ཞིབ་བྱས་ཡོད།
དྲུག ཏང་གི་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་གཅིག་འདོམས་སུ་བྱས་ཏེ། ཉམས་སད་ཐེག་ཐུབ་པའི་ཞིབ་དཔྱོད་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ཡོད།
རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། བློ་དཀར་སྤྱོད་གཙང་འཁུར་ལེན་བཅས་ཀྱི་ཞིབ་དཔྱོད་དཔུང་ཁག་ཅིག་བཏོད་ནས་ཏང་དང་མི་དམངས་ཀྱིས་བསྩལ་བའི་འགན་འཁྲི་དང་ལས་འགན་སྔར་བས་ལེགས་པར་བསྒྲུབས་ཡོད།
ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་ཏན་ཏིག་བརྒྱབ་ཡོད། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ཐོག ལས་བྱེད་མི་སྣ་ཡོངས་ལ་ཆབ་སྲིད་སྐོར་སྦྱོང་སྒྲིག་འཛུགས་བྱས་ཏེ། སློབ་སྦྱོང་གཏིང་ཟབ་དང་། དད་སེམས་བརྟན་པོ། ལག་ལེན་ནན་བསྟར་བཅས་ཐུབ་པ་བྱས་ཡོད། དགོངས་སྐོར་སྙན་སྒྲོན་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། ཞིབ་དཔྱོད་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་བརྒྱབ་པ་དང་། ཆབ་སྲིད་ཀྱིས་ལྟ་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ། གཅིག་འདོམས་ཀྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་དཔུང་ཁག་སྐྱོང་སྤེལ་དང་ལས་སྒོར་སྐུལ་སྤེལ་བཏང་ཡོད།
ཕྱོགས་ཡོངས་ནས་ཞིབ་དཔྱོད་ནན་སྐྱོང་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་སྤེལ་ཏེ། སྒྲིག་ཁྲིམས་སློབ་གསོ་དང་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད། ཞིང་ཆེན་རིམ་པའི་ཞིབ་དཔྱོད་ཁང་10ཡི་ཏང་ཙུའུ་ལ་སྐོར་ཞིབ་བྱས་ནས། དག་ཐེར་ལེགས་བཅོས་ལ་དམ་འཛིན་ནན་པོ་བྱས་ཡོད།
ཁྲིམས་འཛིན་སྒྲིག་སྲོལ་གྱི་ཕྱོགས་བསྡུས་ཆ་འགྲིག་སྒྱུར་བཅོས་གཏིང་ཟབ་བྱས་ཡོད། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཆེད་དོན་ལྟ་ཞིབ་སྤེལ་ཏེ། མུ་ཕྲེང་ཡོངས་ཀྱི་འགན་འཁྲིའི་མ་ལག་འཛུགས་པར་སྐུལ་འདེད་བཏང་ཡོད། འགོ་ཁྲིད་ལས་བྱེད་པས་གྱོད་དོན་སྒྲུབ་པའི་འགན་འཁྲི་ཤུགས་ཆེར་བཏང་སྟེ། རིམ་པ་ཁག་གི་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་དང་ཞིབ་དཔྱོད་འགོ་འཛིན་གཞོན་པས་ཐད་ཀར་གྱོད་གཞི་ངོ་གྲངས་ཁྲི་54.3གཉེར་སྒྲུབ་བྱས་པ་དང་། ཁྲིམས་ཁང་གི་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མི་ཐེངས་ཁྲི་1.3ཟུར་ཞུགས་བྱས་ཡོད། ཞིབ་དཔྱོད་དཔོན་འདེམས་སྒྲུག་ཨུ་ཡོན་ལྷན་ཁང་དང་ཆད་གཅོད་བསླབ་འདོམས་ཨུ་ཡོན་ལྷན་ཁང་གི་སྒྲིག་བཀོད་དང་འཁོར་སྐྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད།
གྲངས་ཀའི་ཞིབ་དཔྱོད་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། གྲངས་གཞི་ཆེན་པོའི་བཅའ་ཁྲིམས་ལྟ་སྐུལ་དཔེ་དབྱིབས་ལས་སྟེགས་བཙུགས་ཏེ། ལྟ་སྐུལ་དཔེ་དབྱིབས་837དྲ་ཞུགས་བྱས་ཤིང་། ཁུངས་སྣེ་ངོ་གྲངས་ཁྲི་35.02ཤེས་རྟོགས་བྱུང་བ་དང་། ལྟ་སྐུལ་བྱས་ཏེ་གྱོད་ཐོ་བཀོད་པའི་གྱོད་དོན་ངོ་གྲངས་ཁྲི་16.9ཡོད་པས། བཅའ་ཁྲིམས་ལྟ་སྐུལ་གྱི་སྤུས་ཕྱོད་མཉམ་འདེགས་ལ་ནུས་པ་བསྩལ་ཡོད།
2026ལོའི་ལས་ཀའི་བཀོད་སྒྲིག
2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་ལོ་ཡིན། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”ཐུབ་པ་མཐའ་གཅིག་ཏུ་བྱེད་པ། 《ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་འགོ་ཁྲིད་བྱེད་པའི་ལས་ཀའི་སྲོལ་ཡིག》ལག་བསྟར་ནན་ཏན། ཁྲིམས་སྐྱོང་དེ་སྒྱུར་བཅོས་དང་། གོང་སྤེལ། བརྟན་བརླིང་བཅས་དང་ཕན་ཚུན་གཞོགས་འདེགས་བྱ་རྒྱུར་སྔར་བས་དོ་སྣང་བྱེད་པ་དང་། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་འགན་སྲུང་དང་སྐུལ་སྤེལ་གཏོང་བར་སྔར་བས་དོ་སྣང་བཅས་བྱས་ཏེ། ཞིབ་དཔྱོད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཕན་གཏུག་བཤེར་ལ་ཤུགས་རྒྱག་དགོས་ལ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་ཁུངས་ཀྱི་འགན་འཁྲི་ལེགས་པར་སྒྲུབ་པ་དང་། སྤུས་ཚད་དང་ཕན་འབྲས་མཐོ་བའི་སྒོ་ནས་གྱོད་གཞི་རེ་རེ་བཞིན་བསྒྲུབས་ཏེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཞིབ་དཔྱོད་ལག་ལེན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས།
དང་པོ། ཏང་གིས་ཞིབ་དཔྱོད་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་རྒྱུན་མཐུད་ངང་ཤུགས་རྒྱག་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ཞིབ་དཔྱོད་ལས་ཁུངས་སུ་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། དོན་དག་གལ་ཆེན་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་དང་སློབ་གསོ་ནན་ཏན་ངང་ཏན་ཏིག་སྤེལ་དགོས། ཁྲིམས་སྐྱོང་གི་གདེང་ཚོད་ཇེ་བརྟན་དུ་གཏོང་བ་དང་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་སྐྱོད་དགོས།
གཉིས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་ཞབས་འདེགས་སྔར་ལས་ལེགས་པར་ཞུ་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བསྟར་བ་དང་། དམ་ལྷོད་ཟུང་འབྲེལ་གྱི་ཉེས་དོན་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་གནད་འཁེལ་བྱས་ཏེ། རྒྱལ་ཁབ་བདེ་འཇགས་དང་། སྤྱི་ཚོགས་བརྟན་བརླིང་། མི་དམངས་བདེ་འཁོད་བཅས་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ལ་ཆད་པ་ནན་པོ་གཅོད་དགོས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་ཞབས་འདེགས་ཞུ་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། གཏུམ་སྤྱོད་དང་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་སོགས་ཀྱི་ཉེས་གསོག་ཚབས་ཆེན་ལ་ཆད་པ་ནན་པོ་བཅད་དེ་ནག་སེལ་གཤེད་འཇོམས་རྒྱུན་རྣམ་ཅན་གྱི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། སྤྱི་ཚོགས་བདེ་སྐྱོང་སྤྱི་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་ལ་ཁྲིམས་ལྟར་སྐུལ་འདེད་གཏོང་དགོས། ཡིག་བསྐུར་ངོ་བཅར་གྱི་གནད་དོན་གཅིག་བསྡུས་ཀྱིས་འདུམ་གཅོད་བྱེད་པའི་ཆེད་དོན་བྱེད་སྒོ་སྤེལ་དགོས། སྒྲིག་སྲོལ་ལས་འགལ་ཏེ་ཡུལ་གཞན་དུ་ཁྲིམས་བསྟར་དང་ཕྱོགས་རེས་རང་བཞིན་གྱི་ཁྲིམས་བསྟར་ཁྲིམས་འཛིན་གྱི་ཆེད་དོན་ལྟ་སྐུལ་ཟབ་སྤེལ་བྱེད་དགོས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ཤེས་བྱའི་བདག་དབང་ཞིབ་དཔྱོད་ལས་དོན་གྱི་ཆེད་དོན་སྙན་ཞུ་ལེགས་པོ་འབུལ་དགོས། སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས།
གསུམ་པ། དམངས་ཀྱི་ཆེད་དུ་ཞིབ་དཔྱོད་ཏན་ཏིག་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་དགོས། ཟས་རིགས་དང་སྨན་རྫས་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་ཐོན་སྐྱེད་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ལ་ཁྲིམས་ལྟར་ཉེས་ཆད་ནན་པོ་གཅོད་པ་དང་། ཁྱིམ་དོན་དང་། སྤྱི་ཚོགས་འགན་བཅོལ། སྨན་བཅོས། ལས་ཞུགས། འཛད་སྤྱོད་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་ཁྲིམས་འཛིན་སྲུང་སྐྱོབ་བྱ་རྒྱུར་ཤུགས་རྒྱག་དགོས། ནར་མ་སོན་པའི་སྐྱེ་བོའི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། བུད་མེད་དང་། རྒན་རྒོན། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་མི་ཚོགས་ཀྱི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། ངལ་རྩོལ་པ་སྤྱི་དང་ལྷག་པར་དུ་ཞིང་པ་ལས་མི་དང་། སྟབས་བསྟུན་ལས་ཞུགས། ལས་ཞུགས་རྣམ་པ་གསར་པ་བཅས་ཀྱི་ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོབ་བྱ་རྒྱུར་ཤུགས་རྒྱག་དགོས། སྔོན་གཤེགས་དཔའ་བོ་དང་། དམག་མི་དང་དམག་མིའི་ནང་མི། དམག་དཔུང་གི་ཞི་དཔོན་ལས་འཛིན་མི་སྣ། དམག་ཞབས་ཐིམ་པའི་དམག་མི་སོགས་ཀྱི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས། ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་སྤུན་ཟླ་དང་། ཕྱིར་སྡོད་སྤུན་ཟླ། ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞུ་གཏུག་ལ་རྒྱབ་སྐྱོར་བྱེད་པའི་ལས་ཀ་ཚད་ལྡན་སྤེལ་དགོས།
བཞི་པ། ཞིབ་དཔྱོད་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཉེས་དོན་དང་། དམངས་དོན། སྲིད་འཛིན་ཞིབ་དཔྱོད་བཅས་ཀྱི་གཞི་རྩའི་འགན་ནུས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་བཅའ་ཁྲིམས་ཀྱི་ལྟ་སྐུལ་གནད་ལ་འཁེལ་ཚད་དང་། ཤུགས་ཚད། ཟབ་ཚད་བཅས་མཐོ་རུ་གཏོང་དགོས། སྒོ་རྒྱ་ཐེལ་གནོན་དང་། བཙན་ཉར། བཀག་སྐྱིལ་སོགས་བཙན་ཤེད་ཀྱི་བྱེད་ཐབས་ལ་བཅའ་ཁྲིམས་ཐོག་ནས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ལག་བསྟར་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ནག་ཉེས་ངོས་ལེན་དང་ཉེས་ཆད་ངོས་ལེན་བྱེད་པར་གུ་ཡངས་གཏོང་བའི་ལམ་ལུགས་ཁྲིམས་ལྟར་ཚད་ལྡན་དུ་གཏོང་དགོས། ཞིབ་དཔྱོད་ལྷུ་ཚིགས་ཀྱི་ཁྲིམས་འཛིན་དྲང་གཞག་མངོན་འགྱུར་དང་གདེང་འཇོག་ལམ་སྲོལ་ཆ་ཚང་དུ་གཏོང་རྒྱུ་དང་། ཞིབ་དཔྱོད་གྱོད་སྒྲུབ་ཀྱི་སྤུས་ཚད་དང་ཕན་འབྲས་ཀྱི་ཚད་གཞི་འཐུས་སྒོ་ཚང་དུ་བཏང་ནས་སྤུས་ཚད་དང་ཕན་འབྲས་མཐོ་བའི་གྱོད་སྒྲུབ་ལམ་ལུགས་ཀྱི་ལམ་སྲོལ་མ་ལག་འཛུགས་དགོས། ཞིབ་དཔྱོད་དབང་ཆ་འཁོར་སྐྱོད་ཕྱི་ནང་གཉིས་ཀྱི་ཚོད་འཛིན་ལྟ་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།
ལྔ་པ། སྤྱི་ཕན་གཏུག་བཤེར་ལ་ཤུགས་རྒྱག་དགོས། ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་འཕེལ་རིམ་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ཏེ་འབྲེལ་ཡོད་ཁྲིམས་འཛིན་འགྲེལ་བཤད་ལ་བཟོ་བཅོས་རྒྱག་པ་དང་ཆ་འགྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྒྲིག་འཛུགས་བྱེད་དགོས། སྤྱི་ཕན་གཏུག་བཤེར་གྱི་ཁྲིམས་བཀོད་ཁྱབ་ཁོངས་ཀྱི་གྱོད་སྒྲུབ་ལས་དོན་ལ་ཤུགས་རྒྱག་པ་དང་གནད་འཁེལ་རང་བཞིན་དང་ཚད་ལྡན་རང་བཞིན་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་ལམ་ལུགས་ཀྱི་རིན་ཐང་གང་ལེགས་མངོན་པར་བྱེད་དགོས།
དྲུག་པ། ཞིབ་དཔྱོད་དཔུང་ཁག་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་ཤུགས་རྒྱག་དགོས། ཕྱོགས་ཡོངས་ནས་ཞིབ་དཔྱོད་ནན་སྐྱོང་བྱེད་པའི་མ་ལག་ཆ་ཚང་དུ་གཏོང་བ་དང་། ཞིབ་དཔྱོད་ལས་ཁུངས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། ལས་སྒོ་འཛུགས་སྐྱོང་། སྒྲིག་ཁྲིམས་སྤྱོད་ཚུལ་འཛུགས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་ཤུགས་རྒྱག་དགོས། ཞིབ་དཔྱོད་སློབ་གསོའི་གསོ་སྦྱོང་ལས་དོན་ལ་ཤུགས་རྒྱག་དགོས། ཁྲིམས་འཛིན་སྒྲིག་སྲོལ་ཕྱོགས་བསྡུས་ཆ་འགྲིག་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་སྤེལ་ནས། ཞིབ་དཔྱོད་དཔོན་རིམ་པ་བཞིན་འདེམས་སྒྲུག་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྲིམས་འཛིན་འགན་འཁྲི་བདའ་འདེད་ལམ་ལུགས་དོན་འཁྱོལ་བྱེད་དགོས། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་གཏིང་ཟབ་སྤེལ་དགོས། གྲངས་ཀའི་ཞིབ་དཔྱོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།