《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月02日

འགྲམ་འགག་སྒོས་ཕྱི་རྒྱལ་བ་མངའ་ཁོངས་སུ་འཛུལ་བའི་གཱ་དྲ་ཐོག་ནས་ཐོ་འགོད་པའི་མ་ལག་དངོས་སུ་སྤྱོད་འགོ་ཚུགས་པ།

འདི་ནི་སྐྱེ་ཁུངས་ནེ་པ་ལ་ནས་ཡིན་པའི་མི་སྣས་མངའ་ཁོངས་སུ་འཛུལ་བའི་གཱ་ཐོ་བཀོད་ཟིན་ནས་འགག་སྒོ་སྒྲོལ་རྩིས་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་འགྲམ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་ལྗོངས་འགྲམ་འགག་སྒོས་ཕྱི་རྒྱལ་བ་མངའ་ཁོངས་སུ་འཛུལ་བའི་གཱ་དྲ་ཐོག་ནས་ཐོ་འགོད་པའི་མ་ལག་དངོས་སུ་སྤྱོད་འགོ་ཚུགས་པ་དང་། ཕྱི་རྒྱལ་གྱི་འགྲུལ་པ་ཁག་དང་པོས་སྟབས་བདེ་དང་ཕན་ནུས་ཆེ་བའི་གྲངས་འཛིན་ཅན་གྱི་འགག་སྒོ་སྒྲོལ་བའི་ཞབས་ཞུ་དེ་སྔོན་ལ་ཉམས་ལེན་བྱས་པ་རེད།

འགྲམ་འགག་སྒོའི་མཉམ་བཤེར་ཚོམས་ཆེན་དུ་སྐྱོད་སྐབས་རྒྱ་ཡིག་དང་དབྱིན་ཡིག ནེ་པ་ལའི་ཡི་གེ་བཅས་སྐད་གསུམ་གྱིས་བཟོས་པའི་ཐོ་འགོད་མཛུབ་ཁྲིད་གང་སར་མཐོང་རྒྱུ་ཡོད་ཅིང་། དྲིལ་བསྒྲགས་འགྲེམས་པང་ངོས་སུ་བཀོལ་སྤྱོད་གོ་རིམ་དང་དོ་སྣང་བྱེད་དགོས་པའི་དོན་ཚན་གསལ་པོར་བཀོད་ཡོད་པ་དང་། གློག་རྡུལ་བརྙན་ཤེལ་ཆེན་པོས་དྲིལ་བསྒྲགས་བརྙན་ལམ་རྒྱུན་མཐུད་བསྟན་ནས་འགྲུལ་པ་རྣམས་ཀྱིས་ཆ་འཕྲིན་ཐོ་འགོད་སྔ་སྣུར་ལེགས་གྲུབ་ཡོང་བར་ཁྲིད་སྟོན་བྱེད་བཞིན་ཡོད། སྣ་མང་ཅན་གྱི་མཛུབ་ཁྲིད་བྱེད་སྟངས་ཀྱིས་སྐད་བརྡ་མི་འཕྲོད་པའི་འགོག་རྐྱེན་ནུས་ལྡན་བསལ་བས་རྒྱལ་ཁབ་མི་འདྲ་བ་ནས་ཡོང་བའི་འགྲུལ་པ་ཚང་མས་ཐོ་འགོད་ཀྱི་གཙོ་གནད་མགྱོགས་མྱུར་ཤེས་ཡོད་པ་རེད།

“ཁྱེད་ལ་རོགས་པ་དགོས་སམ”ཞེས་འགག་སྒོའི་མཉམ་བཤེར་ཚོམས་ཆེན་དུ་གཉའ་ནང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་ཉེན་རྟོག་པས་རང་འགུལ་ངང་མདུན་དུ་ཕྱིན་ཏེ་འགྲུལ་པར་རོགས་པ་དགོས་མིན་སྐད་ཆ་འདྲི་བཞིན་ཡོད། སྐྱེ་ཁུངས་ནེ་པ་ལ་ནས་ཡིན་པའི་མི་སྣ་དང་འགྲུལ་པ་རྒན་རྒོན་སོགས་ཚོགས་སྤྱིར་དམིགས་ནས། ས་ཚིགས་དེས་ཆེད་མི་བཀོད་སྒྲིག་བྱས་ཏེ“གཅིག་གཏད་གཅིག”གི་གཞོགས་འདེགས་བྱས་ནས་བཀོལ་སྤྱོད་ལ་མཛུབ་ཁྲིད་བྱས་ཡོད། སྐད་གཉིས་ལ་བྱང་ཆུབ་པའི་ཉེན་རྟོག་པས་ཐོ་འགོད་དོགས་གནད་སྣ་ཚོགས་ལ་དུས་ཐོག་ཏུ་ལན་བཏབ་ནས་འགྲུལ་པ་ཚང་མར་ཞིབ་ཚགས་ལ་འཐུས་སྒོ་ཚང་བའི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྲིད་ཇུས་ལག་བསྟར་མ་བྱས་གོང་གཉའ་ནང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་མ་ལག་ཚོ་ལྟ་དང་སྲིད་ཇུས་དྲིལ་བསྒྲགས་ཐེངས་མང་བྱས་པ་དང་སྦྲགས། བློ་འདྲི་ཁྲིད་སྟོན་དང་ལག་རྩལ་འགན་ལེན་ཉེན་རྟོག་སྟོབས་ཤུགས་ཆེ་རུ་བཏང་ནས་མངའ་ཁོངས་སུ་འཛུལ་བའི་འགྲུལ་པ་དང་མཐའ་མཚམས་ཡུལ་མིར་རང་འགུལ་ངང་སྲིད་ཇུས་ཀྱི་ནང་དོན་དྲིལ་བསྒྲགས་དང་ཐོ་འགོད་བྱེད་རོགས་བྱས་ཤིང་། མིག་སྔར། འགྲམ་འགག་སྒོའི་རྒྱལ་མཚམས་འཛུལ་སྒྲོལ་བྱེད་པའི་སྒྲིག་ལམ་ལེགས་སུ་ཕྱིན་ནས། འགག་སྒོ་སྒྲོལ་བའི་ལས་ཆོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད། (པ་ཚེས་བསྒྱུར)