《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年11月18日

ནོར་བཟང་དྲན་པའི་ཡིད་འཕྲོག་ལྷ་མོ།

བཙན་རྒོད།

ཡིད་འཕྲོག་ལྷ་མོ་དང་གྱེས་པའི། །

ཆོས་རྒྱལ་ནོར་བཟང་ཁྱེད་བདེ་འམ། །

རྒྱལ་སྲས་འུ་གཉིས་པོ་བྲལ་རྗེས། །

ཁམས་བདེའི་འཚམས་འདྲི་ཡང་མ་བྱུང་། །

བྱང་ཕྱོགས་མི་རྒོད་ཀྱི་དཔུང་རྣམས། །

མགྱོགས་པོ་འདུལ་རྩིས་ཤིག་མེད་དམ། །

ཡིད་འཕྲོག་རྒྱང་རིང་དུ་ལུས་པར། །

ཕང་སེམས་ཅུང་ཟད་རེ་ཨེ་འདུག །

ང་རང་ཡིད་འཕྲོག་གི་ལྷ་མོས། །

རྟག་ཏུ་མཛའ་བོ་ཁྱེད་བསྒུགས་ཡོད། །

རྒྱལ་སྲས་ཆོས་རྒྱལ་གྱི་ནོར་བཟང་། །

གང་མགྱོགས་ལོག་རྩིས་རང་མེད་དམ། །

སྟོན་ལོ་སེར་པོ་ཡང་ལྷུང་དུས། །

ནོར་བཟང་ཡང་ཡང་དུ་དྲན་བྱུང་། །

རྒྱལ་སྲས་ད་དུང་ཡང་མ་མཇལ། །

ཡིད་འཕྲོག་སེམས་ནད་ཀྱིས་མནར་སོང་། །

བཙུན་མོ་ལྔ་བརྒྱ་དང་ཧ་རིའི། །

ཞེ་སྡང་ཕྲག་དོག་འདི་ལྕི་བས། །

ནོར་བཟང་ད་དུང་ཡང་མ་ཁུག །

ཡིད་འཕྲོག་མཐར་སྤྲོད་དུ་བཏང་བྱུང་། །

ནོར་བཟང་རང་ཁྱིམ་དུ་འཁོར་དུས། །

བརྩེ་བ་འགྱུར་མེད་རང་ཡིན་ན། །

ཡིད་འཕྲོག་གར་ཡོད་ཀྱི་ས་ལ། །

རྒྱལ་སྲས་ཕེབས་འདོད་ནི་ཨེ་ཡོད། །