འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། རང་ལྗོངས་ཀྱི“119མེ་ཟོན་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་ཐེངས་34པ་ལྷ་སར་སྤེལ་ཞིང་། བྱེད་སྒོ་དེས“དམངས་ཡོངས་ཀྱིས་མེ་ཟོན་བྱེད། ཚེ་སྲོག་གོང་དུ་བཀུར།——བདེ་འཇགས་ངང་མེ་དང་གློག་སྤྱོད་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། དབྱིངས་ཞུགས་ཉམས་ལེན་བྱེད་སྒོ་སྣ་ཚོགས་སྤེལ་ནས། མང་ཚོགས་ཀྱིས་མཉམ་འགུལ་ཁྲོད་ནས་མེ་ཟོན་ལག་རྩལ་ཁོང་དུ་ཆུད་པར་བྱས་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་ད་དུང་མངོན་མེད་རྐྱེན་ངན་འཚོལ་བཤེར་ཁུལ་བཙུགས་ཡོད་པ་དང་། མང་ཚོགས་ཀྱིས“བདེ་འཇགས་སྐོར་ཞིབ་པའི”འགན་འཁུར་ནས་རྒྱུན་གཏན་འཚོ་བའི་ཁྲོད་ཐོན་མང་བའི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་འཚོལ་བ་དང་། ལས་རིགས་སྡེ་ཚན་གྱི་འགྲེམས་སྟོན་ཁུལ་དུ་ལས་དོན་པས་ལས་རིགས་ཁག་གི་ནང་དོན་ལ་དམིགས་ཏེ་མེ་ཟོན་བདེ་འཇགས་ཀྱི་རྒྱུན་ཤེས་སྣ་ཚོགས་ལ་ངང་རྒྱུད་རིང་པོས་ལན་འདེབས་པ། མེ་གསོད་མི་མེད་གནམ་གྲུ་དང་། མེ་གསོད་མྱུལ་ཞིབ་འཕྲུལ་མི། དམར་ཕྱིའི་ཚ་གྲུབ་བརྙན་ཆས་སོགས་མེ་གསོད་སྒྲིག་ཆས་འགྲེམས་སྟོན་བྱས་པར་མི་མང་པོའི་ཡིད་དབང་བཀུག་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་ལས་དོན་པ་ཀྲང་ཀྲི་ཡིས་གསར་འགོད་པར“འགོ་ཚུགས་མཛད་སྒོ་ནི་འགོ་བརྩམས་པ་ཙམ་ཡིན་པ་དང་དྲིལ་བསྒྲགས་ཟླ་བའི་རིང་། ང་ཚོས་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)7དུ་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་དུས་མཉམ་དུ་སྤེལ་ནས་བདེ་འཇགས་ངང་མེ་དང་གློག་སྤྱོད་པའི་འདུ་ཤེས་མང་ཚོགས་ཚང་མའི་སེམས་ལ་བརྟན་པོ་ཟུག་པར་བྱས་ཏེ། མེ་ཟོན་རྒྱུན་ཤེས་ཕྱོགས་གང་སར་ཁྱབ་ཐུབ་པར་འགན་ལེན་བྱ་རྒྱུ་ཡིན” ཞེས་བཤད།