《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年11月11日

༄༅་། དངུལ་ལོར་།

ཚངས་སྲས་ཕོ་ཉ།

མེད་ན་མེད་སྡུག་དངུལ་ལོར་འདི་ཡིན་ཏེ། །

དངུལ་ལོར་མེད་པས་མཛའ་གྲོགས་སྤུན་མཆེད་རྒྱང་། །

ནོར་མེད་སྤྲང་པོའི་ཚུལ་དེ་འགོག་པའི་ཕྱིར། །

དངུལ་ལ་མི་བརྩོན་སྐྱེ་བོ་གང་ན་མཆིས། །

མེད་ན་མེད་སྡུག་དངུལ་ལོར་འདི་ཉིད་ཡིན། །

དངུལ་ལོར་མེད་པས་གཞན་གྱི་མཐོང་ཆུང་ཕོག །

ཀུན་དང་སྙོམས་པའི་འཚོ་བ་སྐྱེལ་བའི་ཕྱིར། །

རྩལ་ནུས་ཇི་ཡོད་དངུལ་ལོར་ཐོབ་པར་འདོན། །

མེད་ན་མེད་སྡུག་དངུལ་ལོར་འདི་ཉིད་ཡིན། །

གོང་འོག་ཀུན་ལ་འདི་ལས་མཁོ་བ་མེད། །

ཉེ་འབྲེལ་ཟབ་ཏུ་གཏོང་བར་འདི་རང་མཐུ། །

གྲོགས་བཟང་འཚོལ་བའི་ཚོར་བ་འདི་རང་རྣོ། །

ཡོད་ན་ཡོད་སྡུག་དངུལ་ལོར་འདི་རང་ངོ་། །

དངུལ་ལོར་མང་བས་ཟ་རྒྱགས་སྤྱོད་གསུམ་བྱས། །

ཟས་སྤྱོད་ལོག་པས་ནད་ངན་ཁོག་ཏུ་དྲངས། །

རང་གི་ཚེ་ཚད་རང་གིས་ཐུང་དུ་གཏོང་། །

ཡོད་ན་ཡོད་སྡུག་དངུལ་ལོར་འདི་ཉིད་དོ། །

དངུལ་ལོར་ཡོད་པས་བྱ་བའི་མགོ་མཇུག་ལྡོག །

འགོ་དཔོན་དྲང་པོའི་སེམས་པ་ཀྱོག་ཀྱོག་བཟོས། །

དྲང་བདེན་སྐྱེ་བོར་ཚེ་གང་སེམས་ནད་བསླངས། །