《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年11月11日

ཐེམ་ཐོ་གཉེར་ཁང་ནང་གི་མི་སེམས་དྲོ་བའི་ཞབས་ཞུ།

——རྒྱ་ཚ་རྫོང་སྤྱི་བདེའི་ལག་ཁྱེར་གཉེར་སའི་ཞབས་ཞུའི་སྐོར་བཀོད་པ།

འདི་ནི་རྒྱ་ཚ་རྫོང་སྤྱི་བདེ་ཅུས་ཐེམ་ཐོ་གཉེར་ཁང་གིས་ཐོབ་ཐང་ལག་ཁྱེར་གཉེར་མཁན་གྱི་མང་ཚོགས་ལ་པར་རྒྱག་བཞིན་པ།

ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་གནས་པའི་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དུ་རྫོང་སྤྱི་བདེ་ཅུས་ཀྱི་ཐེམ་ཐོ་གཉེར་ཁང་ནང་གི་དངོས་པོ་ཆུང་ཆུང་འགའ་ཞིག་ཉེ་ཆར་མང་ཚོགས་ཀྱི་གླེང་མོལ་བྱེད་སའི་དོ་གནད་དུ་གྱུར་ཡོད།

ཉིན་ཤས་གོང་། ཁོངས་གཏོགས་ཁུལ་གྱི་མང་ཚོགས་མང་ཆེ་བ་ཞིང་འབྲོག་ཁུལ་དུ་སྡོད་པ་དང་རྫོང་གྲོང་དུ་ལས་དོན་སྒྲུབ་པར་སྟབས་མི་བདེ་བའི་གནས་ཚུལ་དངོས་ལ་དམིགས་ནས། ཐེམ་ཐོ་གཉེར་མཁན་ཉེན་རྟོག་པས་ཆེད་མངགས་ཁ་དོག་སྣུམ་པོའི་སྟོད་གོས་དང་མེ་ལོང་ངམ་རྒྱུག་ཤད་སོགས་གྲ་སྒྲིག་བྱས་ཏེ། ཞབས་ཞུ་ཞིབ་ཚགས་ལ་བརྟེན་ནས་མང་ཚོགས་ཀྱི་ཐོབ་ཐང་ལག་ཁྱེར་བཟོ་བའི་དཀའ་གནད་བསལ་ཏེ་ས་མཐོའི་མང་ཚོགས་ལ་སྤྱི་བདེའི་ཞབས་ཞུའི་དྲོད་འཁོལ་ཚོར་བར་བྱས་ཡོད།

ཞིང་འབྲོག་པ་མི་ཉུང་བ་ཞིག་རྫོང་གྲོང་དུ་ལས་དོན་སྒྲུབ་པར་འགྲོ་བའི་ལམ་ཐག་རིང་དྲགས་པས། རི་ལམ་བརྒྱུད་ནས་ཆུ་ཚོད་ཁ་ཤས་སོང་རྗེས་ཐེམ་ཐོ་གཉེར་ཁང་དུ་འབྱོར་སྐབས་རྟག་ཏུ་ཁ་དོག་སྐྱ་བོའི་གྱོན་ཆས་གྱོན་པ་དེ་ནི་ཐོབ་ཐང་ལག་ཁྱེར་གྱི་པར་ལེན་བླང་བྱ་དང་མི་མཐུན་པའི་དབང་གིས་ལས་ཀར་འཐུས་ཤོར་ཡོང་གི་ཡོད། “དེ་སྔ་མང་ཚོགས་ཀྱིས་ཁ་དོག་སྐྱ་བོའི་སྟོད་གོས་གྱོན་པའི་དབང་གིས་སྟོང་ལོག་ཏུ་འགྲོ་གི་ཡོད། ལྷག་པར་དུ་དགུན་ཁ་ཕར་ཚུར་འགྲོ་བར་ཉིན་ཕྱེད་ཙམ་འགོར་གྱི་ཡོད”ཅེས་ཐེམ་ཐོ་གཉེར་མཁན་ཉེན་རྟོག་པ་ཕུན་ཚོགས་སྒྲོལ་མས་ངོ་སྤྲོད་བྱས་པ་རེད།

གནད་དོན་དེ་ཐག་གཅོད་ཏན་ཏིག་བྱ་ཆེད། རྒྱ་ཚ་རྫོང་སྤྱི་བདེ་ཅུས་ཐེམ་ཐོ་གཉེར་ཁང་གིས་ཐོབ་ཐང་ལག་ཁྱེར་གྱི་པར་ལེན་ཚད་ལྡན་ཡོང་བར་དམིགས་ནས། ཆེད་མངགས་ཁ་དོག་སྣུམ་པའི་སྟོད་གོས་ཉོས་ནས་མང་ཚོགས་ལ་རིན་མེད་ངང་གྱོན་དུ་བཅུག་ཡོད།

“ཐེམ་ཐོ་གཉེར་ཁང་གིས་ཁ་མདོག་སྣུམ་པོའི་སྟོད་གོས་གྲ་སྒྲིག་གནང་བས་མ་གཏོགས་དེ་རིང་ཡང་དོན་དག་བྱུང་མ་སོང”ཞེས་ཚེ་ཆུ་ཤང་སྐྱིད་ལུང་ནང་གྲོང་ཚོའི་ཨ་ཅག་བྱམས་པ་མཚམས་མཚོས་ཁ་མདོག་སྣུམ་པའི་སྟོད་གོས་གསར་རྐྱང་གྱོན་པ་དང་མེ་ལོང་མདུན་དུ་སྐྲ་ལ་བྱིལ་བྱིལ་བྱས་ནས་བཟོ་ལྟ་ལེགས་པར་བཅོས་བཞིན་གདོང་ནས་བློ་ཡིད་ཚིམ་པའི་འཛུམ་མདངས་འཕྱུར། ཁོ་མོ་ཞོགས་པའི་ཆུ་ཚོད་བརྒྱད་པར་ཁྱིམ་ནས་ཐོན་ཏེ་ཆུ་ཚོད་གཅིག་ལྷག་ཙམ་རླངས་འཁོར་ལ་བསྡད་རྗེས་གཞི་ནས་རྫོང་གྲོང་དུ་འབྱོར་ཞིང་། ཐོབ་ཐང་ལག་ཁྱེར་འདྲ་པར་གྱི་བླང་བྱ་གསལ་པོ་མི་ཤེས་པའི་དབང་གིས་བོད་ཆས་སྐྱ་བོ་ཞིག་གྱོན་ཡོད། ཐེམ་ཐོ་གཉེར་མཁན་མི་དམངས་ཉེན་རྟོག་པས་འཕྲལ་དུ་ཁོ་མོར་འཚམ་པའི་ཁ་མདོག་སྣུམ་པོའི་སྟོད་གོས་ཞིག་སྤྲད་པས་ཁོ་མོས་ཐོབ་ཐང་ལག་ཁྱེར་གསབ་གཉེར་གྱི་འགྲོ་ལུགས་བདེ་བླག་ངང་གཉེར་ཐུབ་ཡོད།

ཐེམ་ཐོ་གཉེར་ཁང་གི་འགན་འཁུར་བས“གྱོན་ཆས་ཐོལ་པ་གཅིག་གིས་མང་ཚོགས་ལ་སྟབས་བདེ་བསྐྲུན་པ་དང་། མེ་ལོང་རྒྱུག་ཤད་གཅིག་གིས་མང་ཚོགས་བློ་ཡིད་ཚིམ་ཐུབ་ཅིང་། དོན་དག་ཆུང་ཙག་དེ་དག་ལས་ཞབས་ཞུའི་ཕན་ནུས་དེ་བས་ཆེ་རུ་ཕྱིན་ཡོད”ཅེས་བཤད།