འདི་ག་ཚགས་པར་ཁང་དུ་མཚོ་ཆེན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ཨུད་དང་རྫོང་སྲིད་གཞུང་དང་། རྫོང་མི་དམངས་དྲག་ཆས་པུའུ། རྫོང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་བཅས་ཀྱིས་གཏམ་བཟང་བརྒྱུད་བསྒྲགས་རུ་ཁག་སྒྲིག་འཛུགས་བྱས་ཏེ་མཚོ་ཆེན་རྫོང་བཀྲ་རི་གནམ་མཚོ་སྡེ་ཁུལ་དུ་བསྐྱོད་དེ“བྱས་རྗེས་རིམ་པ་གསུམ་པ”འཇོག་མཁན་དང“བཞི་ལྡན”ཕུལ་བྱུང་དམག་མིར་བདམས་པའི་ཡེ་ཤེས་ཁྱིམ་ཚང་ལ་གཟི་བརྗིད་མཚན་སྙན་གྱི་གཏམ་བཟང་བརྒྱུད་བསྒྲགས་བྱས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ། ལས་དོན་པས་ཡེ་ཤེས་ཀྱི་ནང་མིར“མི་གཅིག་གིས་བྱས་རྗེས་བཞག ཁྱིམ་ཚང་ལ་གཟི་བརྗིད་བསྣན”ཞེས་པའི་གཟེངས་བསྟོད་བྲང་རྒྱན་གཡོག་པ་མ་ཟད། ཁ་བཏགས་གཡོག་ནས་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཆབས་ཅིག ཕ་མས་རྒྱལ་སྲུང་བྱ་གཞག་ཆེད་ཕུལ་བྱུང་ཤེས་ལྡན་པ་གསོ་སྐྱོང་དང་དམག་མིས་མཐའ་མཚམས་སྲུང་སྐྱོང་བྱེད་པར་སྒེར་སེམས་མེད་པར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཏང་ཡོན་ཡེ་ཤེས་ནི་མཚོ་ཆེན་རྫོང་ཆུ་ལྷོ་ཤང་གཞུང་མ་གྲོང་ཚོའི་ཡུལ་མི་ཡིན་ཞིང་། 2013ལོར་དམག་ལ་ཞུགས་ནས་མངའ་རིས་ཡན་ལག་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་ཏུ་དམག་ཞབས་ཞུ་རིང་། གངས་ལྗོངས་མཐའ་མཚམས་ཀྱི་འཐབ་ས་དང་པོར་གཞི་ཚུགས་པ་དང་སྐོར་གཡེང་ལས་འགན་སྒྲུབ་སྐབས་རང་འགུལ་ངང་མིང་ཐོ་བཀོད་ནས་མདུན་དུ་ཤོར་ཏེ་མཐའ་མཚམས་བདེ་འཇགས་སྲུང་སྐྱོང་བྱས་ཡོད། སྦྱོང་བརྡར་བྱེད་སར། ཁོང་གིས་དཀའ་སྤྱད་འབད་འཐབ་དང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱས་པར་བརྟེན་གཟུགས་པོའི་སྦྱོང་བརྡར་དང་རྩལ་ནུས་སྦྱོང་བརྡར་གྱི་སྦྱངས་འབྲས་ཨང་དང་པོ་བླངས་པ་མ་ཟད། རྒྱུན་གཏན་ལས་དོན་ཁྲོད་སྤྱོད་ཚུལ་ལེགས་ཤིང་ལས་དོན་ཧུར་ཐག་སྒྲུབ་པ་དང་ལས་གནས་ཀྱི་སྡོད་བྱ་སོགས་འཕྱུགས་པ་མེད་པར་བསྒྲུབས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི་དམག་མིའི་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཡོད། དམག་ཞབས་ཞུ་རིང་། ཡེ་ཤེས“ཡོད་པ་བཞིའི”ཕུལ་བྱུང་དམག་མིར་ཐེངས་གསུམ་བདམས་པ་དང་། གཟེངས་བསྟོད་ཐེངས་7ཐོབ་པ། “ཕུལ་བྱུང་གི་ཧྲི་ཀོན”ལ་ཐེངས་2བདམས་པ་རེད། ད་ཐེངས་“བྱས་རྗེས་རིམ་པ་གསུམ་པ”བཞག་པར་གཟེངས་རྟགས་ཐོབ་པ་ནི་ཁོང་གི་ཕུལ་དུ་བྱུང་བའི་བྱས་རྗེས་ལ་སླར་ཡང་ཁས་ལེན་བྱས་པ་ཞིག་རེད།
གཏམ་བཟང་འབྱོར་རྗེས་ཡེ་ཤེས་ཀྱིས་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་དང་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་སླད་ཕྱིན་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་བཏང་ནས་ལས་གནས་གང་དུ་བསྐྱོད་ཀྱང་དམག་མིའི་རང་གཤིས་མི་དོར་བ་དང་། དཔུང་སྡེར་ཕྱིར་ལོག་དགོས་པའི་བརྡ་ཐོ་འབྱོརཚེ་འཕྲལ་མར་ལོག་གི་ཡིན་ཞེས་བཤད།