《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年10月28日

ལྷ་ས་གྲོང་ཁྱེར་གྲྭ་བཞི་མངགས་གཏོང་ཁང་གིས་མུ་མཐུད་ཞབས་ཞུ་སྒྲུབ་པ།

“སེ་འབྲུའི་འབྲུ་གུ”ཞེས་པའི་སྐོར་ཞིབ་རུ་ཁག་ནི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་གྲྭ་བཞི་མངགས་གཏོང་ཁང་གིས་གཞི་རིམ་བཅོས་སྐྱོང་འཚོལ་ཞིབ་བྱེད་པའི“ཐབས་མཁས”ཤིག་རེད། 2021ལོར་གྲྭ་བཞི་མངགས་གཏོང་ཁང་གིས་སྣེ་ཁྲིད་དེ་ཚེས་གསུམ་ཐང་ལམ་གྱི་ཁྱིམ་ཆས་རྙིང་པ་ཚོང་རའི་ལམ་རྒྱུད་དུ་མི་དམངས་ཉེན་རྟོག་པ་དང་། ཚོང་དུད། དུད་ཚང་། སྡེ་ལས། གཉིས་ལྡན་དུད་སྦྲེལ། སྡེ་ཁུལ་གྱི་ལས་དོན་མི་སྣ་སོགས་ལས་གྲུབ་པའི་ཐོབ་ཐང་མང་བ་དང་མི་རིགས་མང་བའི“སེ་འབྲུའི་འབྲུ་གུ”ཞེས་པའི་སྐོར་ཞིབ་རུ་ཁག་བཙུགས་པ་དང་། ལྷག་པར་དུ། སྐོར་ཞིབ་རུ་ཁག་དེ་གཞན་དང་མི་འདྲ་བ་ཞིག་ཡོད་པ་སྟེ། སྐོར་ཞིབ་དུས་ཚོད་དང་། གཙོ་གནད་སྐོར་ཞིབ་ས་ཁོངས། ཞིབ་ཕྲའི་ལས་ཀ་བྱེད་སྟངས་བཅས་ཚང་མ་གྲོང་མིས་རང་ཚུགས་སུ་གྲོས་བསྡུར་བྱས་ནས་ཐག་གཅོད་བྱེད་ཀྱི་ཡོད་པས་བཅོས་སྐྱོང་གི་རང་འགུལ་དབང་ཆ་དེ་དངོས་གནས་མང་ཚོགས་ཀྱི་ལག་ཏུ་ཡོད།

“ང་ཚོས‘མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འགན་འཁྲི་འཁུར་བ། མི་ཚང་མས་ལོངས་སྤྱོད་ཐུབ་པ’བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་ཚོགས་པ་ཞིག་གཏོད་འདོད་ཡོད”ཅེས་དང་། “ཉེ་འགྲམ་དུ་བྱུང་བའི་གནས་ཚུལ་ལ་རྒྱུས་མངའ་ཆེ་ཤོས་ནི་མང་ཚོགས་རེད། འགལ་ཟླ་དང་རྩོད་གཞི་ཐོན་ཚེ། ཁོང་ཚོ་ཕྱོགས་གཉིས་པོའི་གནས་ཚུལ་ལ་རྒྱུས་མངའ་ཆེ་བས། འདུམ་འགྲིག་བྱེད་སྐབས་བྱེད་བདེ་བ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཤེས་རྟོགས་བྱུང་མ་ཐག་ཚོགས་པའི་ནང་བསྐུར་བ། གྲོང་པ་ཁྱིམ་མཚེས་བར་ལ་མ་མཐུན་པ་བྱུང་མ་ཐག་ཁོང་ཚོས་ལམ་སེང་ང་ཚོར་ཤོད་ཀྱི་འདུག བྱ་ཐབས་འདིས་མང་ཚོགས་ཚོ་དེའི་ནང་ཞུགས་སེམས་དང་། ཐོབ་སྣང་། གཟི་ལྡན་གྱི་བསམ་པ་བཅས་ཆེན་པོ་བྱུང་ཞིང་། དེ་སྔོན་མང་ཚོགས་ཞིག་གིས་ང་ལ‘ང་ཚོའི་ཁྱིམ་ནི་ང་ཚོ་རང་ཉིད་ཀྱིས་སྲུང་རྒྱུ་སྨྲོས་མེད་རེད་ཅེས་བཤད་པ་ལྟར་རེད། དེ་ནི་མཉམ་སྐྲུན་དང་། མཉམ་སྐྱོང་། མཉམ་སྤྱོད་བཅས་ཀྱི་ཐོག་མའི་དམིགས་ཡུལ་གནས་ས་དེ་མ་ཡིན་ནམ”ཞེས་གྲྭ་བཞི་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་ལི་ཧུའེ་ཕིང་གིས་བཤད།

དུས་ཡུན་རིང་པོའི་ནང་གྲྭ་བཞི་མངགས་གཏོང་ཁང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱས་ཏེ“སྐེ་དར་དམར་པོའི་བསུ་སྐྱེལ་ར་བ”བཙུགས་ཏེ། དུས་ཐོག་ཏུ་བསུ་མི་ཐུབ་པའི་སློབ་མར་ངལ་གསོ་དང་སློབ་སྦྱོང་བྱ་ཡུལ་མཁོ་འདོན་བྱས་ནས“གནས་སྐབས་ཀྱི་ཁྱིམ་བདག”བྱེད་ཀྱི་ཡོད། “བཀྲ་ཤིས་འདུམ་འགྲིག་ཁང”བཙུགས་པ་བརྒྱུད། ཁྱིམ་མཚེས་དབར་དང་ཚོང་དུད་དབར་ཁ་རྩོད་ཤོར་སྐབས“གནས་ལུགས་ཤོད་ས”སོགས་བྱུང་ཡོད། དེ་ཐོག་ནས“ཧྥེང་ཆའོ་ཉམས་མྱོང”རང་ཡུལ་ཅན་དུ་གྱུར་ནས་སྲང་ལམ་དང་ཁྲོམ་གཞུང་སོགས་སུ་དངོས་སུ་དོན་འཁྱོལ་ཐུབ་ཡོད།