འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཕྱོགས་བསྡུས་གནས་ཚུལ་འབྱོར་གསལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཟླ་10ཚེས་20ཉིན་ནས་ཚེས་23ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་འཚོགས་པར་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་དང་། ཚང་མས་བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁ་ཐོབ་ངེས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། བརྩོན་པ་ལྷུར་ལེན་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཀྱི་བོད་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་གྱི་ཡིན་ཞེས་མགྲིན་གཅིག་ཏུ་བཤད།
ཚང་འཛོམས་གྲོས་ཚོགས་ཐོག “ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་བྱེད་མགྱོགས་སུ་གཏོང་དགོས”ཞེས་བཏོན་ཡོད། ནུས་རྒྱུ་གཙང་མའི་འཐབ་ཕྱོགས་དང་པོའི་འཛུགས་སྐྲུན་པ་ཡིན་པའི་ཧྭ་གློག་འཕྱོངས་རྒྱས་ཀྱི་60MWརླུང་གློག་རྣམ་གྲངས་ཀྱི་འགན་འཁུར་བ་ཀྲའོ་དབྱི་ཕེང་གིས་འགན་འཁྲི་ཕྲག་ཏུ་འཁུར་བ་དེ་གཟི་བརྗིད་ལྡན་པ་ཞིག་ཡིན་པ་ཚོར་བྱུང་། རྣམ་གྲངས་ཚོགས་པས་སྒྲོ་གཤོག་རྐྱང་པའི་འདེགས་སྒྲིག་བཟོ་རྩལ་གསར་གཏོད་བྱས་ཏེ་སྐས་རིམ་རྣམ་པའི་བརླན་སྲུང་དང་དྲོད་སྲུང་གི་བཟོ་རྩལ་སྤྱད་ནས་ཀུན་གསལ་ཆ་འཕྲིན་དོ་དམ་མ་ལག་བཙུགས་ཏེ་གྲངས་འཛིན་ཅན་གྱི་བྱ་ཐབས་ལ་བརྟེན་ནས་མི་སྣ་དང་། སྒྲིག་ཆས། མྱུར་ཚད་བཅས་ལ་དུས་ཐོག་ཏུ་དོ་དམ་ཚོད་འཛིན་བྱེད་ཀྱི་ཡོད་པ་རེད། ཀྲའོ་དབྱི་ཕེང་གིས“ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱིས་མི་རྣམས་ལ་དཔའ་མཛངས་རྟུལ་ཕོད་ཀྱིས་འབད་འབུངས་མདུན་སྐྱོད་བྱེད་དགོས་པའི་ལྕག་སྐུལ་བྱས་ཡོད། ང་ཚོས་དམིགས་ཚད་ཀྱི་མཚམས་ཚིགས་ལ་དམ་པོར་དམིགས་ནས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་སྟེ། རྣམ་གྲངས་དུས་བཀག་ལྟར་སྤུས་ཚད་མཐོ་པོས་ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུའི་འགན་ལེན་བྱེད་ཀྱི་ཡིན”ཞེས་བཤད།
“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག‘ལོ་ལྔ་ཚན་བཅོ་ལྔ་པའི'རིང་རྒྱུན་མཐུད་འབད་འཐབ་བྱེད་པའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད” ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་སྤྱི་གླིང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཞའོ་ཧའེ་ཡིས“ང་ཚོས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་མཉམ་འདྲེས་ཧུར་ཐག་བྱས་ནས། ས་གནས་དེ་གའི་ལེགས་ཆའི་ཐོན་ཁུངས་སྔར་བས་སྔོག་འདོན་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་སྐོར་ཐོན་རྫས་དང་ཞབས་ཞུ་ཕུན་སུམ་ཚོགས་སུ་གཏོང་བ། སྤྱི་གླིང་གི་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་ཧུར་ཐག་གཏོད་པ་བཅས་བྱས་ཏེ། མི་སེར་གྱི་ཡོང་འབབ་མང་དུ་གཏོང་གང་ཐུབ་བྱེད་ཀྱི་ཡིན”ཞེས་བཤད། ན་ནིང་ཟླ་བ་དགུ་པར། ཤར་གངས་ལའི་ཕུག་ལམ་ཏལ་འབིགས་ཐུབ་པ་དང་ཆབས་ཅིག སྤྱི་གླིང་ཤང་གི་ཕྱིར་སྐྱོད་དཀའ་བའི་དཀའ་གནད་བསལ་ཏེ། ཡུལ་སྐོར་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུ་གསར་པར་བསྐྱོད་པ་རེད། མིག་སྔའི་བར། ཤང་ཡོངས་ཀྱི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་1200ལྷག་ཙམ་ཟིན་གྱི་ཡོད་པ་རེད།
དུད་ཚང་75ཚང་མར་སྤྲོ་ཁང་ཡོད་པ་དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2021ལོའི་སྒོར་ཁྲི་2.21ནས་2024ལོའི་སྒོར་ཁྲི་3.04བར་འཕར་ཡོད། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀླུ་སྟེང་གྲོང་ཚོའི་གྲོང་མིས“སྔོ་ལྗང་རི་ཀླུང”ལ་བརྟེན་ནས་འབྱོར་འབྲིང་གི་འཚོ་བ་སྐྱེལ་ཐུབ་པ་བྱུང་ཡོད། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་རིང་ནོར་བུས“གྲོང་ཚོའི་མཉམ་སྡེབ་ཐོན་ལས་ཀྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ནས‘སྐྱེ་ཁམས་ལ་བརྟེན་ནས་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་ཡག་པོ་ཐུབ་པ་བྱ་རྒྱུ་ཡིན’”ཞེས་བཤད།