《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年09月16日

2025ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཟླ་བའི་བོད་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་ཐོག་མ་སྤེལ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། 2025ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཟླ་བའི་བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་ཚོགས་ར་གཙོ་བོའི་བྱེད་སྒོ་ཐོག་མའི་འགོ་འཛུགས་མཛད་སྒོ་བོད་ལྗོངས་རང་བྱུང་ཚན་རིག་འགྲེམས་ཁང་དུ་གཟབ་རྒྱས་ངང་འཚོགས་པ་རེད། རང་སྐྱོང་ལྗོངས་ཚན་རིག་བྱང་ཚད་རྩ་གནད་ཀྱི་ཁོངས་མིའི་ཚན་པའི་འགོ་ཁྲིད་མཛད་སྒོར་ཞུགས་ནས་སྡེ་ཁུལ་གྱི་གྲོང་མི་དང་། སློབ་མའི་འཐུས་མི། མཐོ་སློབ་ཀྱི་ཚན་ཞིབ་མི་སྣ། དེ་བཞིན་ཚན་རིག་ཁྱབ་གདལ་ལས་དོན་པའི་འཐུས་མི་བཅས་དང་མཉམ་དུ་བོད་ཀྱི་ཚན་རིག་ཁྱབ་གདལ་བྱ་གཞག་འཕེལ་རྒྱས་ཀྱི་ལེའུ་གསར་པ་མཉམ་དུ་རྩོམ་འགོ་ཚུགས་པ་རེད།

ད་ཐེངས་ཀྱི་བྱེད་སྒོས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཁྱབ་གདལ་བཅའ་ཁྲིམས》ལག་བསྟར་བྱེད་པ་གོ་སྐབས་སུ་བྱས་ཤིང་། བཅའ་ཁྲིམས་དེར་ལོ་རེའི་ཟླ་བ་དགུ་པ་དེ་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཟླ་བར་གཏན་འཁེལ་བྱས་པ་དང་བོད་ཀྱི་ཚན་རིག་ཁྱབ་གདལ་བྱ་གཞག་འཕེལ་རྒྱས་ལ་བཅའ་ཁྲིམས་ཀྱི་གཡས་གཞོགས་གཡོན་འདེགས་བྱས་ཡོད།

མཛད་སྒོའི་ཐོག་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐང་ཙེ་ཧུའེ་ཡིས་ཤིས་ཚིག་བསྒྲོན་ནས་བོད་ཀྱི་ཚན་རིག་ཁྱབ་གདལ་བྱ་གཞག་གི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་ཕྱིར་དྲན་བྱས་ཤིང་། གྲངས་གཞི་ལས་མངོན་པར་གཞིགས་ན། བོད་ཀྱི་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་དེ་2010ལོའི་0.1%ནས་2015ལོའི་1.93%བར་རིམ་བཞིན་མཐོ་རུ་ཕྱིན་པ་དང་། 2023ལོར་7.6%བར་འཕར་ཡོད། མངོན་གསལ་དོད་པའི་འཕེལ་རྒྱས་ཀྱི་གྲངས་གཞི་དེ་ནི་ཚན་རིག་བྱང་ཚད་རྩ་གནད་ཀྱི་ཁོངས་མིའི་ཚན་པ་ཁག་གིས་ལོ་མང་རིང་མཉམ་དུ་འབད་བརྩོན་དང་སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་ལས་བྱུང་བ་ཞིག་རེད།