ཟླ་8ཚེས་1ཉིན། ནག་ཆུ་གྲོང་ཁྱེར་གྱི་2025ལོའི་ལོ་འཁོར་གྱི“དམག་དོན་ཉིན་མོའི”བྱེད་སྒོ་ནག་ཆུ་ཡན་ལག་དམག་ཁུལ་ཁང་གི་སྦྱོང་བརྡར་བྱ་ཡུལ་ཞིག་ཏུ་སྤེལ་ཞིང་། ད་ཐེངས་བྱེད་སྒོས“རྒྱལ་སྲུང་འདུ་ཤེས་ཟབ་ཏུ་བཏང་། དམག་དམངས་མཐུན་སྒྲིལ་ལེའུ་གསར་བརྩམས”བརྗོད་དོན་གཙོ་བོར་བྱས་ནས། ས་གནས་ཀྱི་ཏང་སྲིད་ལས་བྱེད་པ་སྒྲིག་འཛུགས་ཀྱིས་དམག་དོན་རྣམ་གྲངས་ཀྱི་ནང་སྦྱོང་ལ་ལྟ་སྦྱོང་དང་། དམག་ཆས་འགྲེམས་སྟོན་ལ་ལྟ་སྐོར། མཉམ་འགུལ་ཉམས་ལེན་ལ་ཞུགས་པ་སོགས་ཀྱི་ལྷུ་ཚིགས་བརྒྱུད། ཚང་མས་བར་ཐག་ཉེ་ས་ནས་དམག་དཔུང་གི་སྦྱོང་བརྡར་དང་འཚོ་བ་མྱོང་ཚོར་ཐུབ་པར་བྱས་པ་དང་། དམག་དམངས་མཉམ་འདྲེས་སྔར་བས་བྱེད་ཟབ་ཏུ་བཏང་སྟེ། དམངས་ཡོངས་ཀྱི་རྒྱལ་སྲུང་འདུ་ཤེས་ཟབ་ཏུ་བཏང་བ་རེད།
བྱེད་སྒོ་སྤེལ་འགོ་ཚུགས་མ་ཐག་དཔོན་དམག་ཚོས་ལྟད་མོ་ཆེ་བའི་དམག་དོན་རྣམ་གྲངས་དཔེ་སྟོན་བྱས་ཤིང་། གྲལ་འགྲིག་པའི་རུ་སྟར་སྒྲིག་སྟངས་དང་སྟོབས་ཤུགས་ཆེ་བའི་དམར་འཛིང་ལུས་རྩལ་ལས་ས་མཐོའི་དམག་མིའི་ཉམས་སད་ཐེག་ཐུབ་པའི་དམག་དོན་བྱང་ཚད་དང་དམག་འཐབ་ཀྱི་སྙིང་སྟོབས་གང་ལེགས་མངོན་ཡོད་པ་རེད།
འཐབ་རྩལ་ནང་སྦྱོང་གི་ལྷུ་ཚིགས་སུ། ནང་སྦྱོང་ལ་ཞུགས་མཁན་དཔོན་དམག་ཚོས་སྔོན་བཀོད་འཐབ་རྩལ་གྱི་རྒྱབ་ལྗོངས་ལ་གཞིགས་ནས་བཀག་སྡོམ་དང་། འཕྲལ་རྒོལ། མཉམ་སྒྲུབ་བཅས་ཀྱི་དམག་འཐབ་བྱ་སྤྱོད་མགྱོགས་མྱུར་སྤེལ་ཏེ། དམག་རྩལ་བྱང་ཆུབ་པ་དང་གཞོགས་འདེགས་དམ་ཟབ་ཀྱི་ཐོག་ནས“དོན་ཐུབ་པ་དང་། མཆོང་ཐུབ་པ། རྒྱལ་ཐུབ་པ”བཅས་ཀྱི་ས་མཐོའི་དམག་དཔུང་གི་ཉམས་སད་ཐེག་ཐུབ་པའི་དམག་འཐབ་ཀྱི་སྤྱོད་ཚུལ་མངོན་པར་བྱས་ཡོད་པ་རེད།
ད་ཐེངས་ཀྱི“དམག་དོན་ཉིན་མོའི”བྱེད་སྒོ་ལས་ས་གནས་ཀྱི་ཏང་སྲིད་ལས་བྱེད་པས་དཔུང་སྡེའི་དངོས་འཐབ་ཅན་གྱི་སྦྱོང་བརྡར་ཆུ་ཚད་དང་དམག་ཆས་འཛུགས་སྐྲུན་གྱི་གྲུབ་འབྲས་ཤེས་རྟོགས་གཏིང་ཟབ་ཐུབ་པ་མ་ཟད། རིམ་ཁག་འགོ་ཁྲིད་ལས་བྱེད་པའི་རྒྱལ་སྲུང་འདུ་ཤེས་དང་དམག་དཔུང་འཛུགས་སྐྱོང་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་འགན་འཁྲི་འཁུར་སེམས་ཀྱང་དེ་བས་ཆེ་རུ་ཕྱིན་ཡོད་པ་རེད།
(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)
འདི་ནི་དམག་དོན་རྣམ་གྲངས་ནང་སྦྱོང་བྱེད་བཞིན་པ།