《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年09月09日

“བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོས” གསར་བརྗེའི་གཞི་རྒྱུའི་རྒྱུན་བསྐྱངས་པ།

འདི་ནི་ཁེ་གསུམ་གྲོང་ཚོ་ཡིན་པ།

གསར་འགོད་པ་དང་བཅས་པ་ལྷོ་ཁ་གྲོང་ཁྱེར་ནས་ཐོན་ཏེ་ཡར་ལྷ་ཤམ་ཆུའི་ལུང་གཞུང་ནས་ལྷོ་ཕྱོགས་སུ་བསྐྱོད་པ་དང་། མི་རིང་བའི་རྗེས་སུ་བོད་བཟོའི་ཐོག་ཁང་ཞིག་མིག་ལམ་དུ་འཆར་ཞིང་། དེའི་སྟེང་དུ“བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་ཁེ་གསུམ་གྲོང་ཚོ”ཞེས་བྲིས་འདུག

1959ལོའི་ཟླ་6པར་དུས་རབས་འབྱེད་པའི་དོན་སྙིང་ལྡན་པའི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་དེ་ཁེ་གསུམ་གྲོང་ཚོར་འགོ་བཙུགས། ལོ་དེའི་ཟླ་12པར་བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཀྱི་གཞི་རིམ་ཏང་ཀྲི་པུའུ་དང་པོ་དེ་ཁེ་གསུམ་གྲོང་ཚོར་བཙུགས།

1959ལོར་བསྐྲུན་འགོ་ཚུགས་པའི་ཁེ་གསུམ་གྲོང་ཚོའི་ཏང་ཀྲི་པུའི་གནས་ཡུལ་རྙིང་པ་དེའི་གྱང་ངོས་ནི་ས་ཕག་རེ་རེ་བརྩིག་པ་ཞིག་ཡིན་ཞིང་། དེས་གངས་ལྗོངས་ས་མཐོའི་མི་དམངས་ཀྱིས་རང་ཁྱིམ་རང་བདག་དང་ཁྱིམ་གཞིས་གསར་པ་འཛུགས་སྐྲུན་བྱེད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་བདེན་དཔང་བྱས་ཡོད་ཀྱང་། ལོ་ཟླ་མང་པོ་སོང་བས་ཆར་པ་དང་ལྷགས་པས་གཙེས་ནས་རྙིང་པར་གྱུར།

2024ལོའི་ཟླ་4པར་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གྱིས་རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་སྤྱི་ཕན་གཏུག་བཤེར་ཁུངས་སྣེ་གྲལ་བཤེར་བྱེད་སྐབས། དུས་ཡུན་རིང་པོ་དོ་དམ་དང་སྲུང་སྐྱོང་ལ་ལྷོད་གཡེང་ཤོར་བའི་རྐྱེན་གྱིས་ཁེ་གསུམ་གྲོང་ཚོའི་ཏང་ཀྲི་པུའི་གནས་ཡུལ་རྙིང་པའི་ཐོག་ནས་ཐིགས་པ་བརྒྱབ་པ་དང་གྱང་ངོས་གས་པ་དང་ལུག་པ་སོགས་ཀྱི་གནད་དོན་ཡོད་པས་འཕྲལ་དུ་ཉམས་བཟོ་དང་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད། “རིག་དངོས་ཀྱིས་ཁ་གྲགས་མི་ཐུབ་ཀྱང་ཞིབ་དཔྱོད་དཔོན་གྱིས་རིག་དངོས་སྲུང་སྐྱོང་གི་འབོད་སྐུལ་བྱེད་ཆོག”ཅེས་སྣེ་གདོང་ཆུས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཧྲེང་ཧྥང་གིས་གསར་འགོད་པར་དེ་ལྟར་བརྗོད།

སྣེ་གདོང་ཆུས་ཞིབ་དཔྱོད་ཁང་གིས་འཕྲལ་དུ་གྱོད་སྒྲུབ་ཚོགས་ཆུང་བཙུགས་ཏེ། ཡུལ་དེའི་ཏང་གི་ལོ་རྒྱུས་ཀྱི་རིགས་གཅིག་མཁས་ཅན་སོགས་ལ་འབྲེལ་བ་བྱས་ཏེ། ཁེ་གསུམ་གྲོང་ཚོའི་ཏང་ཀྲི་པུའི་གནས་ཡུལ་རྙིང་པར་བརྟག་ཞིབ་བྱེད་པར་བསྐྱོད། ས་གནས་ས་ཐོག་ཏུ་འབྲེལ་ཡོད་དཔང་རྟགས་དག་ཐེར་སྐོར་ཞིབ་དང་གཏན་འཁེལ་བྱས་རྗེས་འབྲེལ་ཡོད་རིག་དངོས་སྲུང་སྐྱོང་སྡེ་ཚན་དང་སྲིད་འཛིན་གཙོ་འགན་དོ་དམ་སྡེ་ཚན་ལ་འཕྲལ་དུ་ཉམས་བཟོ་དང་། ཅ་ལག་གཙང་སེལ། ཕུགས་ཕན་བདག་སྐྱོང་སོགས་དག་ཐེར་གྱི་གྲོས་འགོ་བཏོན་པ་རེད།

གཟའ་འཁོར་གཉིས་ཀྱང་མ་འགོར་བར་སྣེ་གདོང་ཆུས་ཞིབ་དཔྱོད་ཁང་ལ་འབྲེལ་ཡོད་སྡེ་ཚན་གྱི་དག་ཐེར་གྱི་ལན་འབྱོར་ཞིང་། ཧྲེང་ཧྥང་གིས“ང་ཚོས་ཁེ་གསུམ་གྲོང་ཚོའི་ཏང་ཀྲི་པུའི་གནས་ཡུལ་རྙིང་པའི་དག་ཐེར་གནས་ཚུལ་ལ་རྗེས་སྙེག་ལྟ་སྐུལ་བྱས་ནས། དེའི་སྔར་ཡོད་རྣམ་པ་སླར་གསོ་བྱུང་བ་དང་འགྲེམས་དངོས་དག་གྲལ་བསྟར་འགྲིག་པ་ཞིག་ཡོད་པ་ཤེས་རྟོགས་བྱུང”ཞེས་བརྗོད།

ཟླ་6ཚེས་8ཉིན། གསར་འགོད་པས་སྒྲུབ་འགན་ཁུར་མཁན་ཞིབ་དཔྱོད་དཔོན་དང་མཉམ་དུ་ཁེ་གསུམ་གྲོང་ཚོའི་ཏང་ཀྲི་པུའི་གནས་ཡུལ་རྙིང་པར་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་གྱི“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་བར་སྐྱོད་སྐབས་ས་གནས་དེ་གའི་ཡུལ་མི་ཞིག་དང་ཐུག་ཅིང་། ཁོང་གིས“སྔོན་ཆད་ཁང་པ་རྙིང་པ་དེར་རྟག་ཏུ་ཆར་ཐིགས་རྒྱག་གི་ཡོད། ཉམས་གསོ་བྱས་རྗེས་དེ་སྔ་དང་བསྡུར་ན་ཡག་ཏུ་ཕྱིན་འདུག”ཅེས་བརྗོད།

ཁེ་གསུམ་གྲོང་ཚོའི་ཏང་ཀྲི་པུའི་གནས་ཡུལ་རྙིང་པ་དང་དམག་དཔོན་ཀྲང་གོ་ཧྭ་ཡི་འཐབ་ས་མདུན་མའི་བཀོད་འདོམས་པུའི་གནས་ཡུལ་རྙིང་པ་སོགས། ལྷོ་ཁའི་གསར་བརྗེའི་རྗེས་ཤུལ་དང་གསར་བརྗེའི་རིག་དངོས་ཚང་མ་ནི་འགྱུར་མེད་ཀྱི་ལོ་རྒྱུས་སྙན་ངག་ཅིག་དང་མཚུངས་ཤིང་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་དེ་ཡར་ལངས་བཅིངས་འགྲོལ་བཏང་བ་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་གཏོད་བྱེད་པའི་བདེན་དཔང་ཞིག་རེད།

ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གཞོན་པ་ཅང་ཀོང་ཆོན་གྱིས་གསར་འགོད་པར། “ཉེ་བའི་ལོ་ཤས་རིང་། ཞིབ་དཔྱོད་ཁང་དེས་རིག་དངོས་སྲིད་འཛིན་སོགས་སྡེ་ཚན་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་མཉམ་དུ་སྐུལ་འདེད་བཏང་སྟེ་མི་རབས་རྗེས་མའི་ཆེད་རྩ་ཆེའི“ལོ་རྒྱུས་ཀྱི་སློབ་དེབ”འདི་སྲུང་བཞིན་ཡོད་ཅེས་བརྗོད།

(བསྟན་བློ་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)

འདི་ནི་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ནས་ཡིན་པའི་རྒན་རྒོན་ཚོས་ཁེ་གསུམ་གྲོང་ཚོར་ལྟ་སྐོར་བྱེད་བཞིན་པ།