《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年08月19日

ར་མོ་ཆེ་སྡེ་ཁུལ་གྱིས་ཉེན་རྟོག་ཞབས་ཞུ་ཁང་དང་མཉམ་དུ་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། སྡེ་ཁུལ་གྱི་གྲོང་མིའི་དུག་རྫས་ངོས་འཛིན་དང་། དུག་རྫས་འགོག་པ། དུག་རྫས་མི་འཐེན་པ་བཅས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་སྡེ་ཁུལ་གྱི་དུག་འགོག་འཛིང་རགས་བརྟན་དུ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་ཁྲོམ་གཞུང་ར་མོ་ཆེ་སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་གྱི་ཉེན་རྟོག་ཞབས་ཞུ་ཁང་དང་མཉམ་དུ“ཚེ་སྲོག་ལ་གཅེས་སྤྲས་བྱེད། དུག་རྫས་རིང་དུ་སྤོང་བའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་ཇུས་འགོད་ཞིབ་ཚགས་བྱས་ནས་སྤེལ་བ་དང་། བྱ་ཐབས་སྣ་ཚོགས་སྤྱད་ནས་གྲོང་མིར་དུག་འགོག་ཤེས་བྱ་ཁྱབ་གདལ་བཏང་སྟེ། དམངས་ཡོངས་ཀྱིས་དུག་རྫས་འགོག་པའི་རྣམ་པ་བཟང་པོ་ཞིག་བཏོད་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ། སྡེ་ཁུལ་གྱི་ལས་དོན་པ་དང་མི་དམངས་ཉེན་རྟོག་པས་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་LEDབརྙན་ཤེལ་ཐོག་དྲིལ་བསྒྲགས་སྦྱར་ཡིག་སྟོན་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། ས་གནས་ས་ཐོག་གི་གྲོང་མིར་དྲིལ་བསྒྲགས་བྱས་ནས། རྒྱ་ཆེའི་གྲོང་མི་རྣམས་ལ་དུག་རྫས་ཀྱིས་མི་སྒེར་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ལ་གནོད་འཚེ་བཟོ་ལུགས་ཤེས་རྟོགས་ཐུབ་པ་དང་། དུག་རྫས་ཇི་ལྟར་དབྱེ་འབྱེད་དང་མི་འཐེན་པ་སོགས་ཐད་ཀྱི་ཤེས་བྱ་ཤེས་སུ་བཅུག་པ་མ་ཟད། རྒྱ་ཆེའི་གྲོང་མི་རྣམས་ལ་གྲོགས་པོ་གཟབ་ནན་སྒྲིག་དགོས་པ་དང་། བདེ་འཇགས་ཡག་པོ་མེད་ཁུལ་དུ་མི་འགྲོ་བ། དོགས་ཟོན་གྱི་འདུ་ཤེས་ལྡན་དགོས་པ། བསླུ་བྲིད་ལ་དོགས་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ། དང་ལེན་གཏན་ནས་མི་བྱེད་པ། རྫུན་གཏམ་ལ་ལས་སླ་པོར་ཡིད་མི་ཆེས་པ། ལས་སླ་པོར་རྒྱུས་མེད་ཀྱི་མི་དང་སྐད་ཆ་མི་ཤོད་པ། རྒྱུས་མེད་ཀྱི་མིས་སྤྲད་པའི་ཐ་མག་དང་། བཏུང་བྱ། ཟས་རིགས་བཅས་མི་ལེན་པ། རོལ་རྩེད་ཁང་ནས་སྤྲད་པའི་བཏུང་བྱ་མི་འཐུང་བ་སོགས་ཀྱི་བསླབ་བྱ་བྱས་པ་རེད།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)