《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年08月05日

《ཆོས་ལུགས་ལས་དོན་སྲོལ་ཡིག》ལག་བསྟར་བྱས་ནས་ལོ་ཉི་ཤུ་སོང་བ།

བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་འཕེལ་རྒྱས་མགྱོགས་པོ་འགྲོ་བར་སྐུལ་འདེད་བཏང་བ།

ཕོ་བྲང་པོ་ཏ་ལ་ནི་སྤྱི་ལོའི་དུས་རབས་བདུན་པར་བཙན་པོ་སྲོང་བཙན་སྒམ་པོས་དམར་པོ་རིའི་སྟེང་དུ་གསར་དུ་བཞེངས་ཤིང་། ད་བར་ལོ་ངོ་1300ལྷག་གི་ལོ་རྒྱུས་ལྡན་པ་དང་། 1961ལོའི་ཟླ་3པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་རིག་དངོས་གཙོ་ཆེན་གྱི་སྲུང་སྐྱོབ་སྡེ་ཚན་ཁག་དང་པོའི་གྲས་སུ་བདམས་པ་དང་། 1994ལོའི་ཟླ་12པར། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་། ཚན་རིག རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་གི་ཤུལ་བཞག་རིག་གནས་ལ་བདམས་པ་རེད། (པར་རིས་ཀྱི་ཡོང་ཁུངས་དྲ་བ་ནས་ཡིན)

སྤེན་པ་ལྷ་མོ།

(འདོན་ཐེངས་གོང་མར་མཐུད)

ལྔ། རྒྱལ་སྤྱིའི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་སྒོ་དབྱེའི་རྣམ་པ་མངོན་པར་བྱས་པ།

གོ་ལ་ཧྲིལ་པོ་ཅན་འཕེལ་རྒྱས་གཏིང་ཟབ་འགྲོ་བའི་དུས་རབས་ཀྱི་རྒྱབ་ལྗོངས་འོག 《ཆོས་ལུགས་ལས་དོན་སྲོལ་ཡིག》གིས་རང་རྒྱལ་གྱི་ཆོས་ལུགས་ལས་རིགས་ཀྱིས་གོ་རིམ་ལྡན་པའི་ངང་ཕྱི་ཕྱོགས་ལ་སྤེལ་རེས་བྱེད་པར་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་བཏིང་ཡོད། རང་རྒྱལ་སྲིད་གཞུང་གིས་ཕྱོགས་གཅིག་ནས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ཕྱི་ཕྱོགས་ལ་མཛའ་མཐུན་འགྲོ་འོང་བྱེད་པར་སྐུལ་ལྕག་ཧུར་ཐག་བཏང་བ་དང་། ཕྱོགས་གཞན་ཞིག་ནས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ། ཕྱི་ཕྱོགས་ཀྱི་ཐེ་ཇུས་ཕྱོགས་གཏོགས་སྣ་ཚོགས་ལ་ཁ་གཏད་གཅོག་སྐབས་སྤྱོད་གོ་ཆོད་པའི་སྣ་འདུས་ཐབས་བཟང་རབ་དང་རིམ་པ་སྤྱད་དེ་བོད་རང་སྐྱོང་ལྗོངས་ཀྱི་ཞི་མཐུན་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད།

གཅིག་ནི། སྐད་ཆ་ཤོད་རེས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་རྒྱལ་སྤྱིའི་ཐོག་སྐད་ཆ་ཤོད་རྒྱ་ཆེ་རུ་བཏང་ཞིང་། ཕྱོགས་གཅིག་ནས་རང་རྒྱལ་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་གཞུང་ཕྱོགས་དང་དམངས་ཁྲོད་ཀྱི་སྤེལ་རེས་ལས་སྟེགས་ལ་བརྟེན་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་ནང་བསྟན་ཚོགས་པ་དང་། ནང་བསྟན་གྱི་མཁས་དབང་། ནང་བསྟན་གྱི་དད་ལྡན་མང་ཚོགས་བཅས་དང་སྤེལ་རེས་རྒྱ་ཁྱབ་བྱས་ཏེ། རིག་གནས་སྤེལ་རེས་དང་ཕན་ཚུན་བསམ་ཤེས་བྱེད་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་ཧུར་ཐག་བྱས་ཡོད། དཔེར་ན། 2024ལོའི་འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་དྲུག་པའི་ཐོག་བོད་ཀྱི་ནང་བསྟན་ལས་རིགས་མི་སྣས“ཆོས་ལུགས་ཞི་མཐུན་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་གཏམ་བཤད་སྤེལ་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ཡོད། ཕྱོགས་གཞན་ཞིག་ནས་རང་རྒྱལ་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལས་སྟེགས་ལ་བརྟེན་ནས་བོད་ཀྱི་ཆོས་དད་རང་མོས་ཀྱི་གནས་ཚུལ་ངོ་མ་རང་འགུལ་ངང་ངོ་སྤྲོད་བྱས་ཡོད། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་སྐྱེས་ཆེན་དམ་པ་རྣམས་ཀྱང་རྒྱལ་ཁབ་མང་པོ་ཞིག་གི་གདན་ཞུས་ལྟར་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་བསམ་པའི་ནང་དོན་མཉམ་སྤྱོད་ནང་ཐེངས་མང་ཞུགས་ཏེ། འཛམ་གླིང་ལ་ཀྲུང་ཧྭའི་ཤེས་དཔལ་གྱི་ཡིད་དབང་འཕྲོག་ཤུགས་སྣ་ཚོགས་མངོན་པར་བྱས་ཡོད།

གཉིས་ནི། ཁྲིམས་སྐྱོང་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་བདག་དབང་ཆ་ཚང་ལ་སྲུང་སྐྱོང་བྱས་ཤིང་། ཀྲུང་གོ་སྲིད་གཞུང་གིས་ཕྱི་ཕྱོགས་ཕྱོགས་གཏོགས་ཀྱིས་ཆོས་ལུགས་ལ་ཁ་གཡར་ནས་བོད་ཀྱི་ལས་དོན་ལ་ཐེ་ཇུས་བྱེད་པའི་བྱེད་སྤྱོད་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་དོགས་ཟོན་བྱེད་པ་མ་ཟད། ཁ་གཏད་གཅོག་ཐབས་རབ་དང་རིམ་པ་སྤྱད་ཡོད། ཕྱི་འབྲེལ་གྱི་རིམ་ངོས་ནས། ཀྲུང་གོ་སྲིད་གཞུང་གིས་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད། རྣམ་པ་གང་རུང་གི་ཕྱི་ཕྱོགས་ཐེ་ཇུས་ལ་ངོ་རྒོལ་བྱེད་པའི་ལངས་ཕྱོགས་བརྟན་པོ་གསལ་པོར་བརྗོད་པ་དང་། བོད་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པས། རྒྱལ་ཁབ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་མཐའ་དག་ལ་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུའི་བསྐྱར་བསྒྲགས་བྱས་ཡོད། བཅའ་ཁྲིམས་ཀྱི་རིམ་ངོས་ནས།《ཆོས་ལུགས་ལས་དོན་སྲོལ་ཡིག》སོགས་ཁྲིམས་སྲོལ་གྱིས་ཕྱི་ཕྱོགས་ཕྱོགས་གཏོགས་ཀྱིས་ཆོས་ལུགས་ཀྱི་གནད་དོན་ལ་ཁ་གཡར་ནས་བོད་ཀྱི་ལས་དོན་ལ་ཐེ་ཇུས་བྱེད་པར་བཀག་འགོག་བྱེད་པའི་ཐད་བཅའ་ཁྲིམས་ཀྱི་མཚོན་ཆ་ནུས་ལྡན་སྤྲད་ཡོད། གསར་དུ་བཟོ་བཅོས་བརྒྱབ་པའི《ཆོས་ལུགས་ལས་དོན་སྲོལ་ཡིག》ནང“རྩ་འཛུགས་སམ་མི་སྒེར་གང་རུང་གིས་ཆོས་ལུགས་ལ་ཁ་གཡར་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་སྤེལ་མི་ཆོག་པའི”གཏན་འབེབས་ཁ་གསལ་བཟོས་པ་དང་འབྲེལ། ཕྱི་ཕྱོགས་ཀྱི་སིམ་འཛུལ་དང་ཆོས་ལུགས་ཐལ་སྐྱོད་རིང་ལུགས་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་ཆད་པ་གཅོད་པའི་ཚད་གཞི་ཞིབ་ཕྲ་བཟོས་ཏེ། ཐ་ཚིག་སྒྲོག་པ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་བ། ཐོ་འགོད་ལག་ཁྱེར་མེད་པར་བཟོ་བ། ཉེས་དོན་འགན་འཁྲི་བདའ་འདེད་གཏོང་བ་བཅས་ཚུད་པའི་ཆད་གཅོད་མ་ལག་རིམ་པ་མང་པོ་ཞིག་བཟོས་ཡོད། ཆོས་ལུགས་ལས་དོན་བཅོས་སྐྱོང་བྱེད་པའི་ལག་ལེན་ཁྲོད། “ཁྲིམས་མཐུན་སྲུང་སྐྱོང་དང་། ཁྲིམས་འགལ་བཀག་འགོག ཐལ་སྐྱོད་བཀག་འགོག སིམ་འཛུལ་བཀག་འགོག ཉེས་གསོག་རྡུང་རྡེག”བཅས་ཀྱི་རྩ་དོན་ཐོག་མཐའ་བར་གསུམ་ལ་ཁྱབ་པར་བྱས་ནས་ཐབས་མང་མཉམ་སྤྱོད་ཀྱིས་ཆོས་ལུགས་ཁྱབ་ཁོངས་སྐྱོན་བྲལ་ངང་འཕེལ་རྒྱས་རྒྱུན་མཐུད་འགྲོ་བར་སྐུལ་འདེད་བཏང་ཡོད།

མཇུག་བསྡུའི་གཏམ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་དང་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་བཏང་ནས་སྤྱི་དམངས་ཀྱི་ཆོས་དད་རང་མོས་ལ་འགན་ལེན་བྱེད་དགོས་པའི་ནན་བཤད་ཐེངས་མང་གནང་ཡོད། འདས་ཟིན་པའི་ལོ་20ཡི་རིང《ཆོས་ལུགས་ལས་དོན་སྲོལ་ཡིག》དང་དེའི་ལྷན་སྦྱར་ཁྲིམས་སྲོལ་ལག་བསྟར་བྱས་པ་ལས་བོད་བརྒྱུད་ནང་བསྟན་བོད་དུ་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པར་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་བཏིང་ཡོད། རྨང་གཞི་དེའི་ཐོག་བོད་རང་སྐྱོང་ལྗོངས་ཀྱིས་ཆོས་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་རྒྱུན་མཐུད་གཏོང་བ་དང་དད་ལྡན་མང་ཚོགས་ཀྱི་གཞི་རྩའི་ཁེ་དབང་ལ་འགན་ལེན་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་བྱེད་སྒོ་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག ལག་ལེན་ཁྲོད་ཟམ་མི་ཆད་པར་གསར་གཏོད་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཡོད། སླད་ཕྱིན། བོད་རང་སྐྱོང་ལྗོངས་ཀྱིས་སྔར་བཞིན་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་བརྩི་སྲུང་ཞུས་ཏེ་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་ངེས་རེད་ལ། རྒྱལ་སྤྱིའི་སྤེལ་རེས་བརྒྱུད། ཀྲུང་གོའི་ཆོས་ལུགས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་ནས་ཀྲུང་གོའི་གཟུགས་བརྙན་དངོས་ཕྱོགས་ཡོངས་ནས་མངོན་པར་བྱེད་རྒྱུ་རེད།