འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ས་བབ་མཐོ་ཚད་སྨི་སྟོང་ཕྲག་ཁ་ཤས་ཟིན་པའི་དམག་སྦྱོང་བྱ་ཡུལ་དུ་ཉི་མའི་ཚ་གདུག་རབ་ཏུ་ཆེ་བའི་ཁར་མཁའ་རླུང་ཁྲོད་དུ་གསོ་རླུང་དཀོན་པས་དེ་ནི་གཟུགས་མེད་ཀྱི“རྫས་དྲི་ཁ་བ”ཞིག་དང་གཉིས་སུ་མ་མཆིས། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་ཆེད། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་དམིགས་བསལ་གྱི་དམག་འཐབ་ཅིག་སྟེ“རི་འགོག་དམག་འཁྲུག་གི་རླབས་ཆེན་སྙིང་སྟོབས་དར་སྤེལ་གཏོང་། ས་མཐོར་དམག་སྦྱོང་བྱས་ནས་དམག་དཔུང་སྟོབས་ཆེར་གཏོང་བ”བརྗོད་དོན་གཙོ་བོར་བྱས་པའི་ཤེས་བྱའི་འགྲན་བསྡུར་གངས་ལྗོངས་ཀྱི་དམག་སྦྱོང་བྱ་ཡུལ་དུ་གཉེར་ཡོད། ད་རེས་འགྲན་བསྡུར་གྱི་ནང་དོན་དེ་རི་འགོག་དམག་འཁྲུག་གི་ལོ་རྒྱུས་ལ་དམ་པོར་དམིགས་ཤིང་། དེའི་ནང་གྲགས་ཅན་གཡུལ་འགྱེད་དང་། དཔའ་བོའི་མི་སྣ། ལོ་རྒྱུས་ཀྱི་མཚམས་ཚིགས་གལ་ཆེན་བཅས་ཚུད་ཡོད་པས་ལོ་རྒྱུས་ཀྱི་དྲན་ཤེས་དེ་དམག་སྦྱོང་དམག་གྲབས་ཀྱི་དོན་དངོས་ཀྱི་དགོས་མཁོ་དང་གནད་སྨིན་ཡག་པོ་ཡོང་བ་བྱས་པ་རེད།
ངེས་འདེབས་འདྲི་གཞིའི་ལྷུ་ཚིགས་སུ་དཔོན་དམག་ཚོས་སྐད་གསལ་ལ་བློ་རྩ་བརྟན་པོས“མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་གི་མཚོན་བྱེད་རང་བཞིན་གྱི་དོན་རྐྱེན་ནི‘བདུན་པའི་ཚེས་བདུན་གྱི་དུས་འགྱུར’”རེད་ཅེས་ལན་བཏབ། ཉེན་ཟོན་འདྲི་གཞིའི་ལྷུ་ཚིགས་ནི་དེ་བས་ཀྱང་དངངས་སྐྲག་ཆེ་ཞིང་། སྐར་མ་མཐོ་ལ་དཀའ་ཁག་ཀྱང་ཆེ་བས། བདམས་ཐོན་པ་ཚོས་སེམས་རྣལ་ལ་ཕབ་ནས་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ཏེ་ཉམས་སད་ཐེག་ཐུབ་པའི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་སྐབས་འཕྲལ་བབ་བསྟུན་གྱི་ནུས་པ་མངོན་པར་བྱས་ཡོད། སྡིངས་ཆའི་ཐོག་བདམས་ཐོན་པ་ཚོས་དུས་ཚོད་སྐར་ཆ་ཙམ་ཡང་དམ་འཛིན་ཡག་པོ་བྱས་པས་འགྲན་བསྡུར་འཁྲུག་པོ་བྱུང་ཡོད། སྡིངས་ཆའི་འོག་ཏུ་དཔོན་དམག་ཚོས་བློ་རྩེ་གཅིག་སྒྲིམ་དང་སྤོབས་པ་ཆེར་སྐྱེད་བྱེད་བཞིན་ཡོད་པས་འགྲན་ར་ཡོངས་སུ་འགྲན་བསྡུར་གྱི་རྣམ་པས་ཁེངས་ཡོད་པ་རེད།
འགྲན་རའི་ཕྱི་ནང་ཀུན་ཏུ“རི་འགོག་དམག་འཁྲུག་གི་རླབས་ཆེན་སྙིང་སྟོབས་དར་སྤེལ་གཏོང་བ”བརྗོད་དོན་གཙོ་བོར་བྱས་པའི་ནག་པང་ཚགས་པར་འགྲེམས་སྟོན་ཡང་དུས་མཉམ་དུ་བྱས་པ་དེ་འགྲན་བསྡུར་གྱི་གསོན་ཉམས་དོད་པོའི་གསལ་འགྲེལ་ཞིག་ཏུ་གྱུར་ཡོད། དཔོན་དམག་ཚོས་ཛ་དྲག་ཆེ་བའི་འགྲན་བསྡུར་གྱི་བར་གསེང་ལ་ཞིབ་ཚགས་ངང་བཟོས་པའི་ནག་པང་ཚགས་པར་རེ་རེར་ཞིབ་ཅིང་ཕྲ་བའི་ངང་ནས་བལྟས། ནག་པང་ཚགས་པར་དེ་དག་ཡིག་རིས་སྣ་ཁ་འཛོམས་ཤིང་། དེ་དག་ལས་ལུའུ་ཀོའུ་ཟམ་པའི་དམག་འཁྲུག་དང་། ཕིང་ཤིང་ཀོན་གྱི་རྒྱལ་ཁ་ཆེན་པོ། ཐོན་ཤོག་བརྒྱའི་དམག་འཐབ་ཆེན་པོ་བཅས་ཀྱི་ཟིལ་རླབས་དགུང་འཕྱུར་གྱི་རྣམ་པ་བརྗོད་ཡོད་ལ། དུས་རབས་གསར་པའི་ས་མཐོའི་དཔོན་དམག་ཚོས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་དམག་འཁྲུག་ལ་རྒྱལ་ཁ་ལེན་པའི་འཇོན་ཐང་ཡག་པོ་སྦྱོང་བའི་ཉམས་འགྱུར་བཟང་པོ་མངོན་པར་བྱས་པ་རེད།
“ས་མཐོའི་སྦྱོང་བརྡར་བྱ་ཡུལ་དུ་རི་འགོག་དམག་འཁྲུག་གི་ཤེས་བྱའི་འགྲན་བསྡུར་ལ་ཞུགས་ཤིང་་ནག་པང་ཚགས་པར་དེ་དག་ལ་ལྟ་སྐབས། ལོ་རྒྱུས་ང་ཚོ་དང་ཧ་ཅང་ཐག་ཉེ་པོ་ཡིན་པའི་སྣང་བ་ཞིག་ཡོང་གི་འདུག”ཅེས་འཐབ་འཛིང་པ་ཞའོ་ཝང་གིས་མྱོང་ཚོར་ཆེན་པོས་དེ་ལྟར་བརྗོད་པ་དང་ཁོང་གིས“སྔོན་བྱོན་པ་ཚོས་ཆ་རྐྱེན་དཀའ་ཚེགས་ཆེ་ཡང་སྲོག་ཉེན་ལ་མ་འཛེམས་པར་དམག་འཐབ་ནང་ཞུགས་ཏེ། རི་འགོག་དམག་འཁྲུག་གི་རླབས་ཆེན་སྙིང་སྟོབས་བཏོད་ཡོད། དེ་རིང་ང་ཚོས་ས་མཐོར་རྩ་བ་ཚུགས་ཏེ་གངས་ལྗོངས་སུ་དམག་སྦྱོང་བྱེད་དོན་ནི་དེའི་ཁྲོད་ནས་སྟོབས་ཤུགས་བསྡུ་ལེན་གྱིས་དཀའ་ཚེགས་ལ་མི་སྐྲག་པར་འཐབ་རྩོད་བྱེད་ཕོད་པའི་སྙིང་སྟོབས་དེ་རིགས་དམག་སྦྱོང་དམག་གྲབས་དང་མཐའ་སྲུང་རྒྱལ་སྲུང་གི་དོན་དངོས་བྱ་སྤྱོད་ལ་འགྱུར་བ་བྱས་ནས་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་པའི་འཐབ་འཛིང་པ་སྡུག་རུས་འཁྱོག་པོ་ཞིག་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།
ཉི་མའི་ཚ་གདུག་འོག་གི་ཤེས་བྱའི་འགྲན་བསྡུར་དེ་མཇུག་འགྲིལ་ཡང་། སྙིང་སྟོབས་ཀྱི་དཔལ་འབར་ས་མཐོའི་དཔོན་དམག་ཚོའི་སེམས་ནང་ཇེ་གསལ་དུ་འགྲོ་བཞིན་ཡོད། ཤེས་བྱའི་འགྲན་བསྡུར་དེ་ནི་བློ་སྟོབས་ཀྱི་ཞུན་བརྡར་དང་ཐོག་མའི་བསམ་འདུན་ལ་ཕྱིར་དྲན་བྱས་པ་ཞིག་ཡིན་ལ། ལོ་རྒྱུས་ཀྱི་བློ་གྲོས་དེ་དངོས་འཐབ་ནུས་པར་བསྒྱུར་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་དེ་བས་ཀྱང་རེད། དཔུང་སྡེ་དེའི་དཔོན་དམག་ཚོས་ད་རེས་ཀྱི་བྱེད་སྒོའི་ཁྲོད་ནས་རི་འགོག་དམག་འཁྲུག་གི་སྙིང་སྟོབས་གཏིང་ཟབ་ཚོར་ཏེ་ཁོར་ཡུག་ཧ་ཅང་ཞན་པོའི་འོག་དགྲ་བོ་ལས་རྣམ་པར་རྒྱལ་བའི་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་ལ་རྒྱུན་ཆད་མེད་པར་ཞུན་བརྡར་ཡག་པོ་སྤྲས་ཡོད་པ་རེད།
(བསྟན་བློས་བསྒྱུར། པ་ཚེས་ཞུས)