《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年07月29日

དམངས་དོན་ཁྲིམས་གཞུང་ལས་དངོས་དབང་སྐོར་གྱི་དྲི་བ་དྲིས་ལན།

76 མི་གཞན་གྱི་རུས་མིང་ཐོག་ནས་སློབ་གྲྭར་འགྲོ་བའམ་ཡང་ན་ལས་ཀར་ཞུགས་ཚེ་ཇི་ལྟར་བྱེད་དགོས་སམ།

དོན་ཚན་ཆིག་སྟོང་དང་བཅུ་བཞི་པ། རྩ་འཛུགས་དང་མི་སྒེར་གང་ཡང་རུང་བས་ཐེ་ཇུས་དང་། བརྐུས་སྤྱོད། རྫུན་བཟོ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མི་གཞན་གྱི་རུས་མིང་གི་ཁེ་དབང་ངམ་མིང་གི་ཁེ་དབང་ལ་གནོད་འཚེ་བཏང་མི་ཆོག

ཁྲིམས་ལུགས་འཆད་སྟེགས།

རུས་མིང་ནི་མིའི་མཚོན་རྟགས་དང་མི་དང་མིའི་དབར་ཁྱད་པར་འབྱེད་པའི་སྐད་བརྡའི་མཚོན་རྟགས་རེད། དེའི་གཞི་རྩའི་ནུས་པ་ནི་མི་སྒེར་གྱི་ཐོབ་ཐང་མི་འཁྲུག་པ་བྱས་ཏེ་མི་སྒེར་གྱི་མི་གཞིའི་ཁྱད་ཆོས་མཚོན་རྒྱུ་དེ་རེད། བཅའ་ཁྲིམས་ནང་རང་བྱུང་མིར་རུས་མིང་གི་ཁེ་དབང་སྤྱོད་རྒྱུ་ཡོད་པ་དང་ཁྲིམས་ལྟར་གཞན་གྱིས་རང་ཉིད་ཀྱི་རུས་མིང་ཐག་གཅོད་དང་། བེད་སྤྱོད། བསྒྱུར་བའམ་ཡང་ན་གཞན་གྱིས་སྤྱོད་རྒྱུར་ཆོག་འཁྲོལ་སྤྲོད་པའི་ཁེ་དབང་ཡོད་པའི་གཏན་འབེབས་བྱས་ཡོད། རྩ་འཛུགས་སམ་ཡང་ན་མི་སྒེར་གང་རུང་གིས་ཐེ་ཇུས་དང་། བརྐུས་སྤྱོད། རྫུན་བཟོ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མི་གཞན་གྱི་རུས་མིང་གི་ཁེ་དབང་ངམ་མིང་གི་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག ཐེ་ཇུས་ཀྱི་བྱ་སྤྱོད་ནི་བུ་ཕྲུག་གིས་རུས་མིང་ཐག་གཅོད་དང་། བེད་སྤྱོད། བསྒྱུར་བ་བཅས་བྱ་རྒྱུར་ཐེ་ཇུས་བྱེད་པ་དང་ལྟ་སྐྱོང་བྱ་ཡུལ་གྱིས་དེའི་རུས་མིང་ཐག་གཅོད་དང་བེད་སྤྱོད་རྒྱུར་ཐེ་ཇུས་བྱས་པ་ལས་མཚོན་གྱི་ཡོད། མི་གཞན་གྱི་རུས་མིང་བརྐུས་སྤྱོད་བྱས་པ་ནི་གཞན་གྱི་མོས་མཐུན་ནམ་དབང་ཆ་མ་ཐོབ་པར་རང་དགར་གཞན་གྱི་མིང་ཐོག་ནས་གཞན་དང་སྤྱི་ཚོགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་སྤེལ་བ་ཞིག་རེད། གཞན་གྱི་རུས་མིང་དུ་རྫུན་བཟོ་བྱས་པ་ནི་གཞན་གྱི་མིང་ལ་བརྫུས་ནས་བྱ་སྤྱོད་སྤེལ་བ་ཞིག་ཡིན་པ་དང་གཞན་ལ་བརྫུས་ནས་སློབ་གྲྭར་ཕྱིན་པ་དང་ལས་ཀར་ཞུགས་པ་ཚང་མ་གཞན་གྱི་རུས་མིང་གི་ཁེ་དབང་ལ་གནོད་འཚེ་བཏང་བའི་བྱ་སྤྱོད་ཡིན་པས་དམངས་དོན་འགན་འཁྲི་འཁུར་དགོས་ཀྱི་ཡོད།

77 གཞན་གྱིས་རང་ཉིད་ཀྱི་འདྲ་བརྙན་གང་བྱུང་དུ་སྤྱོད་ཆོག་གམ།

དོན་ཚན་ཆིག་སྟོང་དང་བཅོ་བརྒྱད་པ། རང་བྱུང་མིར་འདྲ་བརྙན་གྱི་ཁེ་དབང་སྤྱོད་རྒྱུ་ཡོད་པ་དང་། ཁྲིམས་ལྟར་རང་ཉིད་ཀྱི་འདྲ་བརྙན་བཟོ་བ་དང་། བཀོལ་སྤྱོད། ཡོངས་བསྒྲགས་བཅས་བྱེད་པའམ་མི་གཞན་གྱིས་བཀོལ་སྤྱོད་བྱེད་པར་ཆོག་འཁྲོལ་སྤྲོད་དབང་ཡོད།

འདྲ་བརྙན་ཞེས་པ་ནི་གཟུགས་བརྙན་དང་། བརྐོས་བརྙན། རི་མོ་སོགས་ཀྱི་རྣམ་པའི་ཐོག་ནས་རྟེན་གཞི་ངེས་ཅན་གྱི་ཐོག་ཏུ་འཆར་བའི་རང་བྱུང་མི་ངེས་ཅན་གྱི་ངོས་འཛིན་བྱེད་ཐུབ་པའི་ཕྱིའི་གཟུགས་བརྙན་ལ་ཟེར།

ཁྲིམས་ལུགས་འཆད་སྟེགས།

འདྲ་བརྙན་དབང་བདག་གི་མོས་མཐུན་མ་ཐོབ་པར་འདྲ་བརྙན་དབང་བདག་གི་འདྲ་བརྙན་བཟོ་བ་དང་། བཀོལ་སྤྱོད། ཡོངས་བསྒྲགས་བཅས་བྱེད་མི་ཆོག འོན་ཀྱང་བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་པ་འདིའི་ཁོངས་སུ་ཚུད་མེད། གཤམ་གསལ་བྱ་སྤྱོད་ལུགས་མཐུན་སྤྱད་ཚེ་འདྲ་བརྙན་དབང་བདག་གི་མོས་མཐུན་མ་ཐོབ་ཀྱང་རུང་བ་སྟེ། (1) མི་སྒེར་གྱིས་སློབ་སྦྱོང་དང་། སྒྱུ་རྩལ་རོལ་མྱོང་། སློབ་ཚན་ཐོག་སློབ་ཁྲིད་བཅས་སམ་ཚན་རིག་ཞིབ་འཇུག་བྱ་ཆེད་ཉེར་མཁོའི་ཁྱབ་ཁོངས་སུ་འདྲ་བརྙན་དབང་བདག་གིས་ཡོངས་བསྒྲགས་བྱས་པའི་འདྲ་བརྙན་བཀོལ་སྤྱོད་བྱེད་པ་དང་། (2) གསར་འགྱུར་སྒྲོག་སྤེལ་གྱི་དོན་དུ་མི་བྱེད་ཀ་མེད་ཀྱིས་འདྲ་བརྙན་དབང་བདག་གི་འདྲ་བརྙན་བཟོ་བ་དང་། བཀོལ་སྤྱོད། ཡོངས་བསྒྲགས་བཅས་བྱེད་པ། (3) ཁྲིམས་ལྟར་འགན་འཁྲི་སྒྲུབ་ཆེད་རྒྱལ་ཁབ་ལས་ཁུངས་ཀྱིས་ཉེར་མཁོའི་ཁྱབ་ཁོངས་ནང་འདྲ་བརྙན་དབང་བདག་གི་འདྲ་བརྙན་བཟོ་བ་དང་། བཀོལ་སྤྱོད། ཡོངས་བསྒྲགས་བཅས་བྱེད་པ། (4) སྤྱི་པའི་ཁོར་ཡུག་ངེས་ཅན་སྟོན་པའི་དོན་དུ་མི་བྱེད་ཀ་མེད་ཀྱིས་འདྲ་བརྙན་དབང་བདག་གི་འདྲ་བརྙན་བཟོ་བ་དང་། བཀོལ་སྤྱོད། ཡོངས་བསྒྲགས་བཅས་བྱེད་པ། (5) སྤྱི་པའི་ཁེ་ཕན་ནམ་འདྲ་བརྙན་དབང་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཆེད་འདྲ་བརྙན་དབང་བདག་གི་འདྲ་བརྙན་བཟོ་བ་དང་། བཀོལ་སྤྱོད། ཡོངས་བསྒྲགས་བཅས་བྱེད་པའི་བྱ་སྤྱོད་གཞན་དག་བཅས་སོ།

78 ཕྲུ་གུར་ཕའི་རུས་མིང་ངམ་མའི་རུས་མིང་ཕུད་པའི་གཞན་པའི་རུས་མིང་གདམ་གསེས་བྱེད་ཆོག་གམ།

དོན་ཚན་ཆིག་སྟོང་དང་བཅོ་ལྔ་པ། རང་བྱུང་མིའི་རུས་མིང་ནི་ཕའི་རུས་མིང་ངམ་མའི་རུས་མིང་བྱེད་དགོས། ཡིན་ནའང་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ན། ཕའི་རུས་མིང་ངམ་མའི་རུས་མིང་ལས་གཞན་པའི་རུས་མིང་གདམ་གསེས་བྱས་ཆོག (གཅིག) ཁྲག་རྒྱུད་ཐད་ཀའི་གཉེན་ཚན་རྒན་རབས་པ་གཞན་དག་གི་རུས་མིང་གདམ་གསེས་བྱས་པ། (གཉིས) ཁྲིམས་བཀོད་འཚོ་སྐྱོང་བྱེད་མི་མ་ཡིན་པའི་མིས་འཚོ་སྐྱོང་བྱས་རྐྱེན་འཚོ་སྐྱོང་བྱེད་མི་དེའི་རུས་མིང་གདམ་གསེས་བྱས་པ། (གསུམ) སྤྱི་སྒྲིག་སྲོལ་བཟང་དང་མི་འགལ་བའི་རྒྱུ་མཚན་ལུགས་མཐུན་གཞན་དག་ཡོད་པ། གྲངས་ཉུང་མི་རིགས་ཀྱི་རང་བྱུང་མིའི་རུས་མིང་ནི་སོ་སོའི་མི་རིགས་རིག་གནས་ཀྱི་སྲོལ་རྒྱུན་དང་ཡུལ་སྲོལ་གོམས་གཤིས་དང་བསྟུན་ཆོག

ཁྲིམས་ལུགས་འཆད་སྟེགས།

རུས་མིང་ནང་ཀྲུང་ཧྭ་ཡི་སྲོལ་རྒྱུན་རིག་གནས་བསྡུས་པ་དང་རིགས་རྒྱུད་ཁྲག་རྒྱུན་དང་ཁྱིམ་རྒྱུད་རྒྱུན་འཛིན་མཚོན་པ་མ་ཟད་སྤྱི་ཚོགས་དོ་དམ་དང་འབྲེལ་བ་ཡོད་པས་རུས་མིང་གདམ་གསེས་བྱེད་སྐབས་ཚད་ལྡན་དང་ཚོད་འཛིན་འོས་འཚམ་བྱེད་དགོས། དཔེར་ན་སྤྱི་སྒྲིག་སྲོལ་བཟང་གི་རྩ་དོན་ལས་འགལ་མི་རུང་ལ་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་དང་རྒྱལ་ཁབ་ཀྱི་ཁེ་ཕན་སོགས་ལའང་གནོད་འཚེ་གཏོང་མི་རུང་། སྤྱི་དམངས་ཀྱིས་རུས་མིང་རང་མོས་ངང་གདམ་གསེས་བྱས་ཆོག་མོད། འོན་ཀྱང་རུས་མིང་གདམ་གསེས་བྱེད་སྐབས་གཤམ་གསལ་རིགས་ཁ་ཤས་ལས་ཚུད་མེད་པ་སྟེ། ཕའི་རུས་དང་། མའི་རུས། གཉེན་ཚན་རྒན་རབས་པའི་རུས་མིང་། འཚོ་སྐྱོང་བྱེད་མཁན་གྱི་རུས་བཅས་དང་ད་དུང་ཐ་སྐྱོང་དོན་ཚན་ཞིག་ཡོད་པ་ནི་སྤྱི་སྒྲིག་སྲོལ་བཟང་ལས་མི་འགལ་བའི་ཁར་ལུགས་མཐུན་རྒྱུ་མཚན་ཡོད་པའི་རུས་གཞན་དག་བྱས་ཆོག དེར་བརྟེན་རང་བྱུང་མིའི་རུས་མིང་ནི་རྩ་དོན་མེད་པའི་སྒོ་ནས་གདམ་གསེས་གང་བྱུང་བྱེད་རྒྱུ་ཞིག་མིན་པ་དང་མི་དྲན་དགུ་དྲན་གྱི་མིང་ཁྱད་མཚར་གང་བྱུང་འདོགས་མི་རུང་། གཞན་ཡང་གསོས་ཕྲུག་ཡིན་ཚེ་ཕའམ་ཡང་ན་མའི་རུས་མིང་བཏགས་ཆོག་པ་དང་དོ་བདག་དང་གྲོས་མོལ་བྱས་པ་བརྒྱུད་དེ་སྔའི་རུས་མིང་སོར་ཉར་བྱས་ཀྱང་ཆོག