《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年07月22日

བོད་ལྗོངས་ནང་བསྟན་སློབ་གླིང་གིས་2025ལོའི་སློབ་ཐོན་དང་ཡོན་གནས་སྤྲོད་པའི་མཛད་སྒོ་འཚོགས་པ།

ཉིན་ཤས་གོང་། བོད་ལྗོངས་ནང་བསྟན་སློབ་གླིང་གིས་2025ལོའི་སློབ་ཐོན་དང་ཡོན་གནས་སྤྲོད་པའི་མཛད་སྒོ་འཚོགས་པ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་བཅས་ཡིན་པའི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ཟླ་བ་ཆུང་བདག ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དཔལ་ལྡན་དོན་ཡོད་བཅས་བྱེད་སྒོར་ཞུགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་དང་བོད་ལྗོངས་ནང་བསྟན་སློབ་གླིང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ཡུང་ཞང་གིས་གཙོ་སྐྱོང་གནང་བ་རེད།

སློབ་ཐོན་མཛད་སྒོ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་ཤིང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་མཉེས་ཐང་གི་སྔགས་རམས་པའི་ཡོན་གནས་ཐོབ་པའི་སློབ་མ་32དང་། འབྲིང་རམས་པའི་ཡོན་གནས་ཐོབ་པའི་སློབ་མ་85 གྲྭ་རམས་པའི་ཡོན་གནས་ཐོབ་པའི་སློབ་མ་48བཅས་ལ་སློབ་ཐོན་ལག་འཁྱེར་དང་ཡོན་གནས་ལག་འཁྱེར་གནང་བ་རེད། མཛད་སྒོའི་ཐོག་2025ལོའི་སློབ་ཐོན་འཛིན་གྲྭའི་ཕུལ་བྱུང་སློབ་ཐོན་སློབ་མ་18དང་། འཛིན་གྲྭའི་ཕུལ་བྱུང་ལས་བྱེད་པ་5 ཕུལ་བྱུང་སློབ་ཐོན་དཔྱད་རྩོམ་21བཅས་ཐོབ་མཁན་ལ་གཟེངས་བསྟོད་བྱས་པ་དང་། སློབ་ཐོན་སློབ་མའི་འཐུས་མིས་སློབ་ཐོན་གྱི་མྱོང་བ་ལྷུག་པོར་གླེང་སྟེ། མེས་རྒྱལ་ལ་དགའ་ཞེན་དང་ཀྲུང་གོ་གུང་ཁྲན་ཏང་ལ་ལྷག་བསམ་རྣམ་དག་གི་བརྩེ་སེམས་མཚོན་པར་བྱས་ལ། མ་ཡུམ་སློབ་གྲྭར་བཀའ་དྲིན་མཚོན་ལུགས་དང་བརྩེ་སེམས་འཆང་ལུགས་མཚོན་པར་བྱས་ནས། དེ་གའི་རྣམ་པ་སྒམ་བརླིང་ལྡན་ལ་སེམས་འགུལ་ཐེབས་པ་ཞིག་ཡོད།

སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་ནན་བཤད་གནང་དོན། ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་བཅངས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་ཞུ་བ་དང་། ཐོག་མཐའ་བར་གསུམ་དུ་རྒྱ་མཚོ་ལས་གཏིང་ཟབ་པའི་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་འཆང་བ། ཕན་པ་གང་ནས་བྱུང་བ་དང་བཀའ་དྲིན་སུ་ལ་འཇལ་དགོས་པ་གསལ་པོར་ངེས་པ། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྩེ་སེམས་དང་བྱམས་སྐྱོང་ཟབ་མོ་བློ་ལ་བརྟན་པོར་ངེས་པ་བཅས་བྱས་ནས། བོད་བརྒྱུད་ནང་བསྟན་གྱི“རྒྱལ་གཅེས་ཆོས་གཅེས་དང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན”བཅས་ཀྱི་སྲོལ་རྒྱུན་བཟང་པོ་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཆབ་སྲིད་ཐད་བློས་འགེལ་ཆོག་པའི་ཕུལ་བྱུང་གྲྭ་བཙུན་ཞིག་ཏུ་བརྩོན་ལེན་བྱེད་དགོས། ཐོག་མའི་བསམ་འདུན་དང་འགན་འཁྲི་མ་བརྗེད་པར་ཆོས་ལུགས་ཀྱི་ཡོན་ཚད་དང་ཀུན་སྤྱོད་བློ་སྦྱོང་ཟམ་མི་ཆད་པར་གོང་མཐོར་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱིས་བོད་བརྒྱུད་ནང་བསྟན་ལ་ནང་དོན་སྣོན་པ་བཅས་བྱས་ཏེ། ཆོས་ལུགས་ཀྱི་བསྟན་དོན་འཆད་འགྲེལ་ཧུར་ཐག་བྱེད་པ་དང་། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། དགོན་པའི་ཆོས་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པར་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པ། གྲྭ་བཙུན་དང་དད་ལྡན་པ་རྣམས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱེད་པར་ཁྲིད་སྟོན། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱེད་དགོས། ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ། རང་དཔེ་གཞན་སྟོན་དང་ཆོས་སྲོལ་དར་སྤེལ་གཏོང་བ་དང་། “འདུ་ཤེས་གསུམ”བརྟན་དུ་གཏོང་བ། “གཅེས་སྤྲས་བཞི”བློ་ལ་བརྟན་པོར་ངེས་པ་བཅས་བྱས་ནས“ཆབ་སྲིད་ཐད་བློས་འགེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་ཐད་ནུས་པ་ཐོན་པ”བཅས་བྱས་ཏེ། གྲྭ་བཙུན་དང་དད་ལྡན་པ་རྣམས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པ། སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱེད་དགོས།