སྤེན་པ་ལྷ་མོ།
(འདོན་ཐེངས་གོང་མར་མཐུད)
གསུམ། སློབ་གསོ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ།
བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ནས་དེ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་ཀྱིས་བོད་བརྒྱུད་ནང་བསྟན་སློབ་གསོ་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། 《ཆོས་ལུགས་ལས་དོན་སྲོལ་ཡིག》ནང་ཆོས་ལུགས་སློབ་གླིང་འཛུགས་པ་དང་ཆོས་ལུགས་ལས་རིགས་མི་སྣར་དོ་དམ་སོགས་ཐད་ཀྱི་གཏན་འབེབས་མཛུབ་ཁྲིད་དུ་བྱས་ནས《བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་སྤྲོད་པའི་བྱ་ཐབས(ཚོད་ལྟའི་ལག་བསྟར)》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)གཏན་འབེབས་བྱས་ནས་བཏོན་ཡོད། 《བྱ་ཐབས》དེ་2015ལོའི་ཟླ་4ཚེས་28ཉིན་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་བཀའ་རྒྱ་ཨང་12པ་ནས་ཡོངས་བསྒྲགས་བྱས་པ་དང་2015ལོའི་ཟླ་6ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་པ་རེད།
《བྱ་ཐབས》དེས་རྩེ་རིམ་ཇུས་འགོད་ནས་འགོ་བཙུགས་ཏེ། བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པའི་སློབ་གསོའི་ཚད་གཞི་དང་ཡོན་གནས་སྤོར་བའི་གོ་རིམ་བརྒྱུད་རིམ་ལྡན་པར་ཚད་ལྡན་དུ་བཏང་བ་དང་། དེའི་དམིགས་ཡུལ་ནི་ཆེད་ལས་ཀྱི་བྱང་ཚད་མཐོ་བ་དང་ཞབས་འདེགས་ཞུ་ནུས་ཆེ་བའི་ཆོས་ལུགས་ལས་རིགས་མི་སྣའི་དཔུང་ཁག་ཅིག་གཏོད་ཆེད་རེད།
《བྱ་ཐབས》ནང་ཕྱོགས་གཅིག་ནསཡོན་གནས་སྤྲོད་པའི་གཞི་རྩའི་ཆ་རྐྱེན་དང་ཞིབ་དཔྱད་ཚད་གཞིའི་དབྱེ་མཚམས་གསལ་པོར་ཕྱེ་ཡོད་པ་དང་། དགེ་འདུན་པ་རྣམས་ལ་ནང་བསྟན་རིག་པའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ཟབ་མོ་ལྡན་པ་དང་། དོན་སྙིང་ཟབ་ལ་གོ་བདེ་བའི་ཐོག་ནས་ཆོས་འཆད་ཐུབ་པ་མ་ཟད། བླ་ན་མེད་པའི་ཀུན་སྤྱོད་ཀྱི་བློ་སྦྱོང་ལྡན་དགོས་ལ། ཀུན་སྤྱོད་བཟང་པོར་བརྟེན་ནས་དད་ལྡན་མང་ཚོགས་ལ་ཤུགས་རྐྱེན་བཟང་པོ་འཇོག་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད། ཕྱོགས་གཞན་ཞིག་ནས《བྱ་ཐབས》ནང་དམའ་རིམ་ནས་མཐོ་རིམ་བར་རིམ་སྤོར་གྱི་རིམ་པ་མང་བའི་ཡོན་གནས་མ་ལག་བཙུགས་ནས་རིམ་པ་རེ་རེའི་ཡོན་གནས་ལ་དམིགས་ནས་ཁྱད་པར་ཅན་གྱི་རེ་ཞུའི་ཆ་རྐྱེན་བཟོས་ཏེ། རིག་གཞུང་ཞིབ་འཇུག་དང་སྒོམ་སྒྲུབ་ཉམས་ལེན་གྱི་ལམ་དུ་དགེ་འདུན་པ་རྣམས་རྒྱུན་མཐུད་ཡར་བརྩོན་ཡོང་བར་ལྕག་སྐུལ་བྱས་ཡོད།
《བྱ་ཐབས》ནང་ཤེས་ལྡན་པ་གསོ་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་དོ་ཁུར་བྱས་ཡོད་ལ། མཐའ་མའི་གྲུབ་འབྲས་ལ་ཡང་མཐོང་ཆེན་བྱས་ཡོད། 《བྱ་ཐབས》ནང་ཕྱོགས་གཅིག་ནསཆོས་ལུགས་སློབ་གསོ་དང་དེང་རབས་སློབ་གསོ་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ནས། འབྲིང་རིམ་དང་མཐོ་རིམ་ཡོན་གནས་རེ་ཞུ་བྱེད་མཁན་དགེ་འདུན་པ་རྣམས་ལ་ངེས་པར་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཐོག་ནས་སྟབས་བདེའི་སྤེལ་རེས་དང་ལྟ་ཀློག་བྱེད་ནུས་ལྡན་དགོས་པའི་གཏན་འབེབས་ཁ་གསལ་བྱས་ཡོད། བླང་བྱ་དེས་ས་གནས་ཁག་གི་དགོན་པའི་ནང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་ཚན་གཅིག་རྗེས་གཉིས་མཐུད་དུ་བཀོད་སྒྲིག་བྱས་ཏེ། དགེ་འདུན་པ་ཚོས་ཆོས་ལུགས་རིག་གནས་རྒྱུན་འཛིན་བྱེད་པ་དང་དུས་མཚུངས་དུས་རབས་ཀྱི་གོམ་སྟབས་དང་བསྟུན་ནས་དེང་རབས་སྤྱི་ཚོགས་ལ་དགོས་ངེས་ཀྱི་སྐད་ཡིག་རྩལ་ནུས་ཁོང་དུ་ཆུད་པར་བྱས་ཡོད། ཕྱོགས་གཞན་ཞིག་ནས《བྱ་ཐབས》ནང་ནན་པོ་དང་ཚད་ལྡན་གྱི་རེ་ཞུ་དང་ཡོན་གནས་སྤྲོད་པའི་གོ་རིམ་གཏན་འབེབས་བྱས་ནས་ཡོན་གནས་སྤྲོད་པའི་དྲང་སྙོམས་དྲང་གཞག་འགན་ལེན་བྱས་ཡོད། དགེ་འདུན་པས་ཡོན་གནས་རེ་ཞུ་བྱས་རྗེས། བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཡོན་གནས་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གིས་དགེ་འདུན་པའི་ཆབ་སྲིད་བསམ་བློའི་འཁྱེར་སོ་དང་། ཆོས་ལུགས་ཀྱི་སྲུང་བྱ། སློབ་ཚན་གྱི་སྦྱངས་འབྲས། རྟགས་གསལ་གཏོང་བ། དཔྱད་རྩོམ་རྩོད་རྒྱུགས་སོགས་ལ་ཕྱོགས་ཡོངས་དང་ཞིབ་ཅིང་ཕྲ་བའི་ཐོག་ནས་དཔྱད་ཞིབ་བྱེད་ཀྱི་ཡོད། དཔྱད་ཞིབ་བྱེད་སྐབས་མིང་མི་འགོད་པར་འདེམས་ཤོག་འཕེན་པའི་རྣམ་པའི་ཐོག་ནས་བརྡས་ཐག་གཅོད་པ་དང་། ཚོགས་འདུར་ཞུགས་པའི་ཁོངས་མིའི་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོབ་ཚེ་རེ་འདུན་ཞུ་མཁན་ལ་གཞི་ནས་དེ་མཚུངས་ཀྱི་ཡོན་གནས་བདེ་བླག་ངང་ཐོབ་ཀྱི་ཡོད།
《བྱ་ཐབས》བཏོན་པ་ནས་བཟུང་། ཚད་ལྡན་ཅན་གྱི་ཡོན་གནས་མ་ལག་བཙུགས་པ་དང་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སློབ་ཁྲིད་ནང་དོན་དང་གོ་རིམ་ཚད་ལྡན་དུ་བཏང་སྟེ། བོད་བརྒྱུད་ནང་བསྟན་སློབ་གསོ་རྒྱུན་ཆད་མེད་པར་ཚད་ལྡན་ཅན་དང་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པར་རམ་འདེགས་བྱས་ཡོད།
(མུ་མཐུད་འགོད་རྒྱུ)
(ཡོང་ཁུངས། ཀྲུང་གོ་ཆོས་ལུགས་དུས་དེབ་ཁང)