འདི་ག་ཚགས་པར་ཁང་དུ་རིན་སྤུངས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རིན་སྤུངས་རྫོང་མི་དམངས་ཁྲིམས་ཁང་གིས་དམངས་དོན་འདྲི་གཅོད་དང་ལག་བསྟར་སྡེ་ཚན་གྱིས་མཐུན་སྦྱོར་མཉམ་འགུལ་བྱས་པ་བརྒྱུད། ལོ་དྲུག་སོང་བའི་ཞིང་པ་ལས་མིའི་ངལ་རྩོལ་གན་རྒྱའི་རྩོད་གཞི་ཞིག་གྲུབ་འབྲས་ཐོབ་པའི་ངང་ཐག་གཅོད་བྱས་ཏེ། ཞུ་སྦྱོར་ཕྱི་མས་རང་འགུལ་ངང་འགྱངས་ཆད་བྱས་པའི་གླ་ཆ་སྒོར་6000སྤྲོད་རྒྱུར་སྐུལ་འདེད་བཏང་བ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་དམངས་ཆེད་ཁྲིམས་འཛིན་གྱི་དམིགས་ཡུལ་ལག་ལེན་བསྟར་བ་རེད།
ཞུ་སྦྱོར་སྔ་མ་ནི་རྫོང་ནང་གི་གླ་པ་རྒྱུག་མཁན་ཞིག་ཡིན་པ་དང་། 2019ལོའི་ལོ་འགོར་ཞུ་སྦྱོར་ཕྱི་མར་ནག་ཆུར་ལས་ཀ་བྱས་མོད། འོན་ཀྱང་གླ་ཆ་སྒོར་6000དུས་ཡུན་རིང་པོའི་ནང་སྤྲད་མེད། ཐེངས་མང་འདེད་ལེན་བྱས་ཀྱང་འབྲས་བུ་མ་ཐོན་པས་ཞུ་སྦྱོར་སྔ་མས་ཟླ་6ཚེས་4ཉིན་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་པ་རེད། རིན་སྤུངས་རྫོང་ཁྲིམས་ཁང་གིས་ཞིང་པ་ལས་མི་དང་འབྲེལ་བ་ཡོད་པའི་གྱོད་གཞིའི“ལྗང་མདོག་བགྲོད་ལམ”མགྱོགས་མྱུར་བཏོད་དེ་གློག་རྡུལ་སྐྱེལ་སྤྲོད་དང་ཁ་པར་ཐོག་ནས་བརྡ་ཐོ་བཏང་བ་སོགས་བྱས་ཀྱང་ཕན་ནུས་མ་ཐོན་པར་བརྟེན་སྒྲུབ་འགན་འཁུར་མཁན་ཁྲིམས་དཔོན་གྱིས་ཞུ་སྦྱོར་ཕྱི་མ་ནི་ལག་བསྟར་ཅུས་ཀྱི་ལོ་རྒྱུས་གྱོད་གཞིའི་དོ་བདག་ཡིན་པ་ཤེས་རྟོགས་བྱུང་འཕྲལ་ལག་བསྟར་ཅུས་དང“འདྲི་གཅོད་དང་ལག་བསྟར་མཉམ་འགུལ”གྱི་ལམ་སྲོལ་བཙུགས་ནས་ཞུ་སྦྱོར་ཕྱི་མའི་དེ་སྔའི་ལག་བསྟར་ཟིན་ཐོ་གསེད་དཀྲོལ་བྱས་པས་གྱོད་གཞིའི་འགག་གནད་གནད་ལ་འཁེལ་བའི་སྒོ་ནས་ཞིབ་དཔྱད་བརྡར་གཅོད་བྱས་པ་རེད། ཞུ་སྦྱོར་ཕྱི་མས་སྐྱེལ་སྤྲོད་ལས་གཡོལ་བའི་གནས་ཚུལ་ལ་དམིགས་ནས“དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”གྱི་བྱེད་སྟངས་སྤྱད་དེ་ཁྲིམས་ལྟར་འབྲེལ་ཡོད་ཡིག་ཆ་སྐྱེལ་སྤྲོད་བྱེད་པ་དང་དུས་མཚུངས། ཞུ་སྦྱོར་ཕྱི་མའི་དེ་སྔའི་ལག་བསྟར་བྱས་ཚུལ་དང་ཟུང་འབྲེལ་བྱས་ནས་དམིགས་སའི་རང་བཞིན་གྱི་བཅའ་ཁྲིམས་འགྲེལ་བཤད་བརྒྱབ་པ་རེད།
ཞུ་སྦྱོར་སྔ་མས་འགྱངས་ཆད་བྱས་པའི་གླ་ཆ་བླངས་རྗེས། “ལོ་དྲུག་རིང་གི་འདེད་ལེན་གནད་དོན་དེ་ཁྲིམས་ཁང་གིས་ཉིན་བཅུ་ལྷག་ཙམ་ནང་ཐག་གཅོད་བྱེད་རོགས་བྱས་བྱུང་། དེ་ནི་མི་སེར་ལ་དོན་དངོས་སྒྲུབ་མཁན་གྱི་ཁྲིམས་ཁང་ཡག་པོ་ཞིག་རེད་འདུག”ཅེས་བཤད་རྗེས་གཏུག་བཤེར་ཕྱིར་འཐེན་བྱས་པས་གྱོད་གཞི་དེ“ཁྲིམས་ར་འཚོག་མི་དགོས་པ་དང་། ལག་བསྟར་བྱས་པ། ཡིག་འབུལ་ཞུ་བཅར་མེད་པ”བཅས་ཀྱི་སྒོ་ནས་ལེགས་སྒྲུབ་བྱུང་བ་རེད།