འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། དམིགས་བསལ་ས་ཡུལ་གྱི་འཕྲལ་སྡོམ་འཕྲིན་གཏོང་འགན་སྲུང་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར་2025ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱི་ཐོལ་བྱུང་དོན་རྐྱེན་ལ་འཕྲལ་སྡོམ་འཕྲིན་གཏོང་ཐག་གཅོད་བྱེད་པའི་ལས་དོན་གྱི་གསོ་སྦྱོང་འཛིན་གྲྭ་ལྷ་སར་གཉེར་བར་ལྗོངས་ཡོངས་ཀྱི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱི་མི་བརྒྱ་ཙམ་ཞུགས་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་དེ་རིགས་པའི་གཞུང་ལུགས་དང་དངོས་འཐབ་ཟུང་འབྲེལ་བྱེད་སྟངས་ཐོག་ནས་བྱས་ཤིང་། ནང་དོན་གྱི་གྲས་སུ་རྒྱལ་སྲུང་སྐུལ་སློང་དང་དམག་དམངས་མཉམ་འདྲེས་དང་། འཕྲལ་སྡོམ་འཕྲིན་གཏོང་བཀོད་འདོམས་བཀོད་གཏོང་མ་ལག ཆ་འཕྲིན་འོས་སྐྱེལ་དང་ཚད་ལེན་ཚོད་ལྟའི་ནང་སྦྱོང་སོགས་ཚུད་ཡོད། རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་གསོ་སྦྱོང་གི་དམིགས་ཡུལ་ནི་ལས་རིགས་ཀྱི་ཐོན་ཁུངས་ལེགས་སྒྱུར་དང་བསྡུ་སྒྲིལ་བྱ་རྒྱུ་གོ་སྐབས་སུ་བྱས་ནས། རང་ལྗོངས་ཀྱི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱི་འཕྲལ་སྡོམ་འཕྲིན་གཏོང་འགན་སྲུང་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་བཏང་སྟེ། རང་བྱུང་གནོད་འཚེ་དང་ཐོལ་བྱུང་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་ཡག་པོ་བཅག་ནས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འཕྲིན་གཏོང་གི་འགན་སྲུང་བྱེད་རྒྱུ་དེ་རེད་ཅེས་བཤད་པ་རེད།