《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年07月08日

ཁྱེད་ཀྱིས་སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་གང་དག་ཤེས་སམ།

ཀུན་སློང་བཟང་པོས་ཐོབ་པ།

ཀུན་སློང་བཟང་པོས་ཐོབ་པ་ཞེས་པ་ནི་ཅ་དངོས་ཀྱི་བདག་པོས་ཅ་དངོས་དེ་ཀུན་སློང་བཟང་པོ་ཡོད་པའི་དོ་བདག་ཕྱོགས་གསུམ་པར་བརྒྱུད་བཤུག་བྱེད་སྐབས། ཀུན་སློང་བཟང་པོ་ཡོད་པའི་དོ་བདག་ཕྱོགས་གསུམ་པར་སྤྱིར་ན་ཅ་དངོས་དེའི་བདག་དབང་རག་ཟིན་པ་དང་། བདག་དབང་དེ་བདག་པོས་དོ་བདག་ཕྱོགས་གསུམ་པར་ཅ་དངོས་ཕྱིར་སློག་དགོས་པའི་རེ་བ་འདོན་མི་རུང་། ད་བྱས་ན་གནས་ཚུལ་ཅི་འདྲ་ཞིག་གི་འོག་ཀུན་སློང་བཟང་པོས་ཐོབ་པ་ཟེར་རམ། 《དམངས་དོན་ཁྲིམས་གཞུང》གི་གཏན་འབེབས་ལ་གཞིགས་ན། ཀུན་སློང་བཟང་པོས་འགུལ་ནོར་ཐོབ་པར་བཤུག་ཡུལ་གྱི་ཀུན་སློང་བཟང་པོ་དང་། རིན་གོང་ལུགས་མཐུན། རྩིས་སྤྲད་ཟིན་པ་བཅས་ཆ་རྐྱེན་གསུམ་ཚང་ན་གཞི་ནས་གོ་ཆོད་ཀྱི་ཡོད།

དཔེར་ན། ཁྱེད་ཀྱི་བཟའ་ཟླས་ཁྱེད་ཀྱིས་མ་ཤེས་པའི་གནས་ཚུལ་འོག་ཁྱེད་ཀྱི་ཁང་པ(མོ་ཊ)གནས་ཚུལ་ཧ་མི་གོ་བའི་མི་གང་རུང་ལ་བཙོངས་ན། མི་དེས་ལུགས་མཐུན་གྱི་རིན་གོང་སྤྲད་ནས་ཁང་པ་དེ་ཁོ་པའི་མིང་འོག་ཏུ་བསྒྱུར་པ(མོ་ཊ་ཁོ་པར་སྤྲད་ཟིན་པ)ཡིན་ན་སྐབས་དེ་དུས་མི་དེར་ཁང་པའི(མོ་ཊ)བདག་དབང་རག་ཟིན་པས་ཁྱེད་ཀྱིས་ཚུར་ལེན་ཐབས་བྲལ།

བརྐུས་དངོས་དང་བོར་བརླག་སོང་བའི་ཅ་དངོས་ནི་ཀུན་སློང་བཟང་པོས་ཐོབ་པའི་ཁོངས་སུ་གཏོགས་ཀྱི་མེད།

ཕ་མས་རང་གི་བུ་ཕྲུག་བཙོངས་ན་ཉེས་པ་ བསགས་པ་ཡིན་ནམ།

ལན། ང་ཚོ་ཚང་མ་ཕ་མའི་བུ་ཕྲུག་ཡིན་མོད། འོན་ཀྱང་སྐྱེས་པ་ནས་བཟུང་ང་ཚོ་ནི་རང་ཚུགས་ཀྱི་མི་སྒེར་ཡིན་པས། ཕ་མ་སོགས་ལྟ་སྐྱོང་པས་བུ་ཕྲུག་གི་ཁེ་དབང་ལ་བརྩི་འཇོག་བྱེད་དགོས་པ་ལས། བུ་ཕྲུག་ཚོང་ཟོག་ལ་བརྩིས་ནས་ཉོ་ཚོང་བྱེད་མི་རུང་། ཕ་མས་རང་གི་བུ་ཕྲུག་འཚོང་བ་ནི་ཉེས་གསོག་གི་བྱེད་སྤྱོད་རེད། གལ་ཏེ་ཕ་མ་སོགས་ལྟ་སྐྱོང་པས་ན་སོ་དར་ལ་མ་བབས་པའི་བུ་ཕྲུག་ཆ་རྒྱུས་མེད་པའི་མི་ལ་སྦྱིན་པའམ་ཡང་ན་མི་གཞན་གྱི་ཁྱིམ་དུ་བསྐྱལ་ནས་འཚོ་བ་སྐྱེལ་དུ་བཅུག་པ་མ་ཟད། ད་དུང་དངུལ་ཡང་བླངས་ན། 110ལ་ཁ་པར་བརྒྱབ་ནས་ཉེས་དོན་སྙན་སེང་ཞུ་བའམ་ཡང་ན་ཐད་ཀར་མངགས་གཏོང་ཁང་དུ་རོགས་སྐྱོབ་རེ་ཞུ་བྱས་ཆོག

བདག་དབང་སྤོ་སྒྱུར།

བདག་དབང་སྤོ་སྒྱུར་ཞེས་པ་ནི་འོས་འགན་འཁུར་མིས་དམིགས་རྟེན་དངོས་རྫས་ཀྱི་བདག་དབང་དེ་ཁེ་དབང་འཛིན་མཁན་ལ་བརྒྱུད་བཤུག་བྱེད་པའི་བྱ་སྤྱོད་ལ་ཟེར་བ་དང་། རྒྱུན་དུ་བྱ་ཐབས་གཉིས་ཡོད།

དམངས་དོན་བཅའ་ཁྲིམས་ནང་བརྗོད་པའི་དངོས་པོར་འགུལ་ནོར་དང་གཏན་འཇགས་རྒྱུ་ནོར་གཉིས་སུ་དབྱེ་ཡོད།

གཏན་འཇགས་རྒྱུ་ནོར་གྱི་བདག་དབང་སྤོ་སྒྱུར་ནི་ཐོ་འགོད་གཞིར་བཟུང་དགོས། དཔེར་ན། ཁང་པ་ཉོ་སྐབས་ཐོ་བཀོད་མེད་ན། ཁྱེད་རང་ཁང་པའི་ནང་སྤོས་ཀྱང་ཁང་པའི་བདག་དབང་མེད་ན་ཁང་པ་མེད་བརླག་ཏུ་འགྲོ་བའི་ཉེན་ཁ་འཁུར་དགོས་ཀྱི་ཡོད།

འགུལ་ནོར་གྱི་བདག་དབང་སྤོ་རྒྱུར་ནི་རྩིས་སྤྲོད་གཞིར་བཟུང་དགོས། དཔེར་ན། མོ་ཊ་ཉོ་སྐབས་འཁོར་རིགས་ཀྱི་ཐོ་འགོད་བྱས་མེད་ཀྱང་མོ་ཊ་སོ་སོའི་ལག་པར་རག་རྗེས། ཁྱེད་ལ་དབང་བར་བརྩི་ཡི་ཡོད་པས་ཕ་རོལ་པོས་དངུལ་སྤྲད་མེད་པར་ཁ་གཡར་ནས་མོ་ཊ་ཕར་ལེན་མི་རུང་།

གོང་གསལ་ནས་གནད་དོན་ཅིག་ཐོན་པ་སྟེ། དབྱུགས་ཟིན་པའི་ཅ་དངོས་ཚུར་རག་སྲིད་དམ།

མི་སྲིད་དེ། ཁྱེད་ཀྱིས་ཅ་དངོས་དབྱུགས་དུས་ཅ་དངོས་དེའི་བདག་དབང་ཤོར་ཟིན། དབྱུགས་པའི་ཅ་དངོས་དེ་དག་བདག་མེད་དུ་གྱུར་པས་སུས་བསྒྲུགས་ཀྱང་བདག་དབང་དེར་ཐོབ་ཀྱི་ཡོད། དེར་བརྟེན་ཁྱེད་ཀྱིས་དབྱུགས་ཟིན་པའི་ཅ་དངོས་གཞན་གྱིས་བསྒྲུགས་ན་འགྱོད་པ་སྐྱེས་ནས་ཚུར་ལེན་འདོད་ཀྱང་ཐབས་ཤེས་མེད།

ཉེན་ཁ།

གན་རྒྱའི་དམིགས་བྱའི་ཅ་ལག་གཏོར་བཤིག་དང་རྩ་བརླག་བཏང་བའི་ཉེན་ཁ་དེ་རྩིས་མ་སྤྲད་གོང་ཚོང་མཁན་གྱིས་འགན་འཁུར་དགོས་པ་དང་རྩིས་སྤྲད་རྗེས་ཉོ་མཁན་གྱིས་འགན་འཁུར་དགོས།

དཔེར་ན་ཁང་པ་རྩིས་སྤྲད་རྗེས་ཁྱེད་རང་ལ་ལྡེ་མིག་རག་ཀྱང་ཁང་པའི་བདག་དབང་ལག་ཁྱེར་ད་དུང་གཉེར་མེད་པའི་སྐབས་སུ་ས་ཡོམ་རྐྱེན་གྱིས་ཁང་པར་གཏོར་བཤིག་ཕོག་ན་ཁྱེད་རང་ནས་ཁང་པའི་དངུལ་སྤྲོད་དགོས།

ས་ཁང་གཞི་གཅིག

ས་ཁང་གཞི་གཅིག་གི་རྩ་དོན། (ཁང་པ་དང་ས་ཆ་སྤྱོད་དབང་གཅིག་ལ་གཏོགས་པ་ཡང་ཟེར)ཞེས་པ་ནི་ཁང་པའི་བདག་དབང་དང་ས་ཞིང་སྤྱོད་དབང་ངེས་པར་དུ་བྱེད་པོ་གཅིག་གི་ཁོངས་སུ་གཏོགས་དགོས་པ་མ་ཟད། ནང་བཤུག་དང་གཏའ་འཇོག་སོགས་བྱེད་སྐབས་མཉམ་དུ་ཐག་གཅོད་བྱེད་དགོས། རྩ་དོན་འདིའི་ཁྲིམས་འཛུགས་དམིགས་ཡུལ་ནི་ཁང་པ་དང་ས་ཞིང་སྤྱོད་དབང་ཐ་དད་ཆགས་པའི་རྐྱེན་གྱིས་ཐོན་ཁུངས་བེད་སྤྱོད་ཀྱི་འགལ་བ་དང་ཉོ་ཚོང་ཟང་ཟིང་མི་ཆགས་པའི་ཆེད་དུ་ཡིན།

ས་ཞིང་གཏའ་འཇོག་བྱེད་སྐབས། ས་ཞིང་ཐོག་གི་སྐྲུན་དངོས་མཉམ་དུ་གཏའ་འཇོག་བྱས་པར་བརྩི་དགོས། འོན་ཀྱང་གཏའ་འཇོག་བྱས་རྗེས་ས་ཞིང་ཐོག་གསར་དུ་བརྒྱབ་པའི་སྐྲུན་དངོས་གཏའ་འཇོག་རྒྱུ་ནོར་གྱི་ཁོངས་སུ་མི་གཏོགས་ཀྱང་ཧབ་འཚོང་རྒྱག་སྐབས་གསར་དུ་བརྒྱབ་པའི་སྐྲུན་དངོས་མཉམ་དུ་འཚོང་གི་ཡོད།

སྐྲུན་དངོས་གཏའ་འཇོག་ཀྱང་དེ་ལྟར་ཡིན།

སྟེར་སྦྱིན་ལས་གང་འདོད་ཕྱིར་འཐེན་བྱེད་དབང་།

སྟེར་སྦྱིན་གྱི་རྒྱུ་ནོར་དབང་ཆ་སྟེར་སྦྱིན་བྱ་ཡུལ་ལ་མ་སྤྲད་གོང་ཁྱེད་རང་གིས་ག་དུས་འགྱུར་ལྡོག་བཏང་ཆོག་ཀྱང་བདེན་དཔང་ངམ་ཡང་ན་གེགས་སྐྱོབ་དང་དབུལ་སྐྱོར་སོགས་ཀྱི་ཀུན་སྤྱོད་ཀྱི་འོས་འགན་ཡོད་པའི་ཞལ་འདེབས་བརྒྱབ་རྗེས་འགྱུར་ལྡོག་བཏང་མི་ཆོག

དཔེར་ན། ས་ཆ་ཞིག་ལ་ས་ཡོམ་བརྒྱབ་རྗེས་ཀུང་སི་ཞིག་གིས་ཞལ་འདེབས་སྒོར་××རྒྱག་རྒྱུའི་ཁས་བླངས་ཀྱང་ཕྱིས་སུ་ཞལ་འདེབས་བརྒྱབ་མེད་ཚེ། གང་དེར་གན་རྒྱའི་འོས་འགན་ལག་ལེན་བསྟར་རྒྱུའི་རེ་བ་འདོན་ཆོག

དངུལ་གཡར་གན་རྒྱའི་ལག་ལེན་རང་བཞིན།

རང་བྱུང་མིའི་དབར་གྱི་དངུལ་གཡར་གན་རྒྱ་ནི་ལག་ལེན་གྱི་གན་རྒྱ་ཡིན་པ་སྟེ། གཡར་འཛིན་ཡོད་ཀྱང་དཔང་ཡིག་གི་གོ་མི་ཆོད་པའི་སྐབས་ངེས་པར་དུ་ཕ་རོལ་པོར་དངུལ་འབྱོར་བའི་དཔང་ཡིག་མཁོ་འདོན་བྱས་ན་གཞི་ནས་ཆོག་གི་ཡོད།

དངུལ་ཁང་ནས་དངུལ་བསྒྱུར་བ་ཡིན་ཕྱིན་དངུལ་བསྒྱུར་བའི་དཔང་ཡིག་མཁོ་འདོན་བྱེད་དགོས་པ་དང་། དངུལ་སྨར་ཡིན་ཕྱིན་ཕ་རོལ་པོས་སྤྲད་པའི་བྱུང་འཛིན་མཁོ་འདོན་བྱེད་དགོས།

གནོད་འཚེ་བཏང་བའི་གུན་གསབ།

གནོད་འཚེ་བཏང་བའི་གཏོང་སྤྲོད་ཅེས་པ་ནི་བུན་འགན་འཁུར་མིས་རྩིས་སྤྲད་པའི་ཅ་ལག་ལ་སྐྱོན་ཡོད་པའི་རྐྱེན་གྱིས་གཞན་གྱི་མི་ལུས་དང་རྒྱུ་ནོར་ལ་གནོད་འཚེ་བཟོས་པའི་སྐབས་སུ་གུན་གསབ་སྤྲོད་དགོས་པ་ལ་ཟེར།

གན་རྒྱ་འཇོག་མཁན་དོ་བདག་ཕྱོགས་གཅིག་གིས་གན་རྒྱ་ལས་འགལ་ནས་གཞན་གྱི་མི་ལུས་དང་རྒྱུ་ནོར་ལ་གནོད་འཚེ་བཟོས་ཚེ། ཕ་རོལ་པོར་གན་རྒྱ་ལས་འགལ་བའི་འགན་འཁྲིའམ་ཡང་ན་དབང་ཆར་བཙན་གནོད་བཏང་བའི་འགན་འཁྲི་འཁུར་རྒྱུའི་རེ་བ་བཏོན་ན་འགྲིག འོན་ཀྱང་དེ་གཉིས་ནས་གཅིག་ལས་གཉིས་ཀ་བདམས་མི་ཆོག

དཔེར་ན། བདལ་གཏོང་རླངས་འཁོར་ལ་སྡོད་སྐབས་ཁ་ལོ་བའི་ནོར་འཁྲུལ་རྐྱེན་གྱིས་ཁྱེད་རང་ལ་རྨས་སྐྱོན་ཕོག་ན། ཁྱེད་རང་ནས་བདལ་གཏོང་རླངས་འཁོར་ཀུང་སིར་གན་རྒྱ་ལས་འགལ་བའི་འགན་འཁྲིའམ་ཡང་ན་དབང་ཆར་བཙན་གནོད་བཏང་བའི་འགན་འཁྲི་འཁུར་དགོས་པའི་རེ་བ་བཏོན་ཆོག གང་ལགས་ཤེ་ན། ཁྱེད་རང་དང་བདལ་གཏོང་རླངས་འཁོར་ཀུང་སིའི་དབར་སྐྱེལ་འདྲེན་གན་རྒྱའི་འབྲེལ་བ་གྲུབ་ཡོད།

ཉོ་ཚོང་བྱས་རུང་བོགས་གཏོང་གན་རྒྱར་ཤུགས་རྐྱེན་མི་ཐེབས་པ།

བོགས་མར་གཏོང་རིང་བོགས་གཏོང་དངོས་པོ་བཙོངས་རུང་བོགས་གཏོང་གན་རྒྱའི་ནུས་པ་སྔར་བཞིན་ཐོན་གྱི་ཡོད།

《དམངས་དོན་ཁྲིམས་གཞུང》ནང་གཏན་འབེབས་བྱས་པའི“ཉོ་ཚོང་བྱས་རུང་བོགས་གཏོང་ལ་ཤུགས་རྐྱེན་མི་ཐེབས”ཞེས་པ་ནི། བོགས་མར་གཏོང་རིང་བོགས་མར་གཏོང་རྒྱུའི་དངོས་རྫས་ཀྱི་བདག་དབང་ལ་འགྱུར་བ་བྱུང་རུང་། བོགས་གཏོང་གན་རྒྱའི་ནུས་པ་སྔར་བཞིན་ཐོན་གྱི་ཡོད་པར་ཟེར།

དཔེར་ན། རང་ཉིད་དང་ཁང་བདག་དབར་ཁང་པ་བོགས་གཏོང་གི་གན་རྒྱ་བཞག་ཡོད་པ་དང་། གན་རྒྱའི་དུས་ཡུན་མ་ཐིམ་གོང་ལ་ཁང་བདག་གིས་ཁང་པ་དེ་བཙོངས་ནས་རང་ལ་སྤོ་དགོས་པའི་རེ་བ་བཏོན་ན། ཞུ་གཏུག་བརྒྱབ་ན་ཆོག་གི་ཡོད།

བོགས་གཏོང་གན་རྒྱ།

བོགས་གཏོང་གན་རྒྱའི་དུས་ཡུན་རིང་ཤོས་ལོ་20ལས་བརྒལ་ཆོག་གི་མེད།

ཁ་ཆད་གཞན་དག་ཡོད་པ་ཕུད། དེ་མིན་བོགས་མར་གཏོང་མཁན་གྱིས་བོགས་མར་གཏོང་རྒྱུའི་དངོས་རྫས་ཉམས་བཟོའི་འགན་འཁུར་དགོས།