《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年07月08日

མང་ཚོགས་ཀྱི“སྨན་བཅོས་དངུལ”དང“སྲོག་སྐྱོབ་དངུལ”ཡག་པོ་སྲུང་བ།

——སྤུ་ཧྲེང་རྫོང་སྤྱི་བདེ་དང་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་གྲལ་བཤེར་བྱས་པ།

འདི་ནི་སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་དང་སྤུ་ཧྲེང་རྫོང་སྨན་བཅོས་འགན་བཅོལ་ཅུས་ཀྱི་ལས་དོན་པས་སྨན་ཁང་དུ་སྨན་བཅོས་འགན་བཅོལ་དང་སྨན་བཅོས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ལ་ཞིབ་བཤེར་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་སྤུ་ཧྲེང་ནས་གློག་འཕྲིན་འབྱོར་གསལ། སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། འགན་དངུལ་མགོ་སྐོར་གཡོ་འཕྲུལ་དང་ཁ་བསླུས་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི“སྨན་བཅོས་དངུལ”དང“སྲོག་སྐྱོབ་དངུལ”ཏན་ཏིག་སྲུང་བ། སྨན་བཅོས་ཁྲོམ་རའི་སྒྲིག་ལམ་སྲུང་བ་བཅས་བྱ་ཆེད། ཉེ་ཆར། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་དང་སྤུ་ཧྲེང་རྫོང་སྨན་བཅོས་འགན་བཅོལ་ཅུས་ཀྱིས་མཉམ་ལས་དམ་ཟབ་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་དམིགས་འཛུགས་སྨན་བཅོས་སྒྲིག་གཞི་དང་སྨན་ཚོང་ཁང་ལ་གྲལ་བཤེར་ལས་དོན་གཏིང་ཟབ་སྤེལ་ནས། སྨན་བཅོས་འགན་བཅོལ་གྱི་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་སྣ་ཚོགས་དང་སྨན་བཅོས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་བ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་དང་སྨན་བཅོས་འགན་བཅོལ་ཅུས་ཀྱིས་མུ་མཐུད་མཉམ་ལས་གཏིང་ཟབ་བྱས་ཏེ། སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་སྨན་ཚོང་ཁང་ལ་རྒྱུན་གཏན་གྱི་ལྟ་འདོམས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ཡུན་རིང་ལྟ་འདོམས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། བསྐྱར་ཞིབ་ལས་དོན་དུས་བཀག་ལྟར་སྤེལ་བ། འགན་དངུལ་ཁ་བསླུས་སོགས་ཀྱི་གནད་དོན་མི་ཐོན་པར་བྱེད་པ། སྨན་བཅོས་འགན་དངུལ་ཁ་བསླུས་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་བ། སྡེ་ཚན་དབར་གྱི་མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྡུང་རྡེག་གི་མཉམ་ཤུགས་ཆགས་པར་བྱས་ཡོད། ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ཤེས་རྟོགས་བྱུང་མ་ཐག་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ནས་རྒྱ་ཡན་དུ་གཏན་ནས་བཏང་མེད། དེ་དང་ཆབས་ཅིག་ཐབས་ལམ་སྣ་ཚོགས་བརྒྱུད་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། རྒྱ་ཆེའི་མང་ཚོགས་དང་སྨན་རྫས་སྒྲིག་གཞིའི་བཅའ་ཁྲིམས་འདུ་ཤེས་ཟབ་ཏུ་བཏང་ནས་སྤྱི་ཚོགས་ཡོངས་ཐུན་མོང་ཐོག་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་འདོམས་ལ་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ་དང་། མང་ཚོགས་ཀྱིས་སྨན་བཅོས་འགན་བཅོལ་གྱི་སྒྲིག་འགལ་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་ཧུར་ཐག་བྱེད་པར་སྐུལ་མ་གཏོང་བ། མཉམ་དུ་སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་བསྲུངས་ཏེ། མི་དམངས་མང་ཚོགས་གྱི“སྨན་བཅོས་དངུལ”དང“སྲོག་སྐྱོབ་དངུལ”ཡག་པོ་སྲུང་བར་འགན་སྲུང་དེ་བས་བརྟན་པོ་བྱས་པ་རེད།

(པ་ཚེས་བསྒྱུར། པ་ཚེ་དང་བུ་ཁྲིད་ཀྱིས་ཞུས)