《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年07月08日

རྩ་གཉིས་ཨང་རྟཌ་བཤེར་ཚེ་བྱ་བ་མང་པོ་འཕྲལ་དུ་སྒྲུབ་ཐུབ།

—— ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་ཕྱོགས་ བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི“དམངས་དོན་ཀུན་སྒྲུབ་ལས་སྟེགས”ལ་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པ།

དོག་སྡེ་ཁྲོམ་གཞུང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་བཏོན་པའི“དམངས་ཀྱི་གནས་ཚུལ་ཀུན་སྒྲུབ་ལས་སྟེགས”ཀྱིས“མང་ཚོགས་ཀྱིས་རེ་འདུན་ཞུ་བ་དང་། ལས་སྟེགས་ཀྱིས་སྒྲུབ་གཉེར་བྱེད་པ། སྡེ་ཚན་གྱིས་ཐག་གཅོད་བྱེད་པ”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པའི་ཞབས་ཞུའི་མ་ལག་བཏོད་ནས་འགལ་བ་དང་རྩོད་གཞི“དྲ་གཅིག་ཀུན་སྒྲུབ”ཐུབ་པར་བྱས་ཡོད། མང་ཚོགས་ཀྱིས་ལག་ཐོགས་ཁ་པར་སྤྱད་དེ“རྩ་གཉིས་ཨང་རྟགས”བཤེར་ནས་སྡོད་གནས་དང་། རེ་འདུན། འབྲེལ་གཏུག་བྱེད་སྟངས་སོགས་ཀྱི་ཆ་འཕྲིན་བྲིས་ཚེ་གནད་དོན་མགྱོགས་མྱུར་གོང་ཞུ་ཐུབ་སྟེ། དོན་དག་ཡོད་ན་རྩ་གཉིས་ཨང་རྟགས་བཤེར་ཚེ་བྱ་བ་དངོས་འཕྲལ་དུ་སྒྲུབ་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད་པ་རེད།

ད་ལོའི་ཟླ་2པར“དམངས་དོན་ཀུན་སྒྲུབ་ལས་སྟེགས”གཉེར་ཚུན། མང་ཚོགས་ཀྱི་རེ་འདུན་མཚོན་པའི་ཐབས་ལམ་རྒྱ་ཆེར་སོང་བ་མ་ཟད། གཞི་རིམ་གྱི་ལས་ཀའི་ལས་ཆོད་ཀྱང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། མང་ཚོགས་ཀྱིས་ལས་སྟེགས་བརྒྱུད་འདྲི་ཤོག་གི་རྣམ་པའི་ཐོག་ནས་རེ་ཞུ་ཕུལ་བ་དང་། ཁྲོམ་གཞུང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ལས་དོན་པས་ཉིན་ལྟར་དུས་བཀག་ལྟར་ཆ་འཕྲིན་བསྡུ་རུབ་བྱས་ཏེ་གཏོགས་ཁོངས་དོ་དམ་གྱི་རྩ་དོན་དང་གནད་དོན་གྱི་རིགས་དབྱེ་གཞིར་བཟུང་། དྲ་མིག་པའམ་ཡང་ན་གྲོང་ལྷན་ལ་བགོ་བཤའ་གནད་འཁེལ་བརྒྱབ་ཡོད། སྤྱིར་བཏང་གི་གནད་དོན་ལས་ཀའི་ཉིན་7ནང་ཐག་གཅོད་བྱེད་པ་དང་། རྙོག་འཛིང་ཆེ་བའི་རྩོད་གཞིར“དྲ་ཐོག་དང་དྲ་གཤམ”མཉམ་འགུལ་གྱི་འདུམ་འགྲིག་ལམ་སྲོལ་ལག་ལེན་བསྟར་ཏེ་དོན་དག་ཚང་མར་འདི་བྱས་འདི་མིན་གྱི་ལན་གསལ་པོ་ཡོད་པར་བྱས་ཡོད་པ་རེད།

“དམངས་དོན་ཀུན་སྒྲུབ་ལས་སྟེགས”བརྒྱུད་གཉེར་བའི་གྱོད་དཔེ་དངོས་ལ་བརྟེན་ནས་ཕན་ནུས་ཆེ་བའི་དམངས་ཕན་གྱི་ཞབས་ཞུའི་ཁྱད་ཆོས་ལ་གསོན་ཉམས་ལྡན་པའི་འགྲེལ་བཤད་བརྒྱབ་ཡོད”ཅེས་དོག་སྡེ་ཁྲོམ་གཞུང་ཁྲིམས་འཛིན་སུའོ་ཡི་སུའོ་ཀྲང་པ་སངས་སྒྲོལ་མས་བཤད།

ད་བར་ལས་སྟེགས་ཀྱིས་མང་ཚོགས་ཀྱི་འབྲེལ་ཡོད་རེ་འདུན་78བདག་སྤྲོད་བྱས་ནས་ཐག་གཅོད་བྱེད་ཚད་98.3%དང་མང་ཚོགས་བློ་ཡིད་ཚིམ་ཚད་98.7%ཟིན་ཡོད་པ་རེད།

དོག་སྡེ་ཁྲོམ་གཞུང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་དུས་ཐོག་ཏུ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་དེ་བས་ཞབས་འདེགས་ཡག་པོ་ཞུས་ནས། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱས་ཡོད། (བསྟན་བློ་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)