《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年07月08日

《ཆོས་ལུགས་ལས་དོན་སྲོལ་ཡིག》ལག་བསྟར་བྱས་ནས་ལོ་ཉི་ཤུ་སོང་བ།

བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་འཕེལ་རྒྱས་མགྱོགས་པོ་འགྲོ་བར་སྐུལ་འདེད་བཏང་བ།

སྤེན་པ་ལྷ་མོ།

2005ལོར་རང་རྒྱལ་གྱི་ཆོས་ལུགས་ལས་དོན་དོ་དམ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཚད་ལྡན་དུ་གཏོང་བའི་སྲིད་འཛིན་ཁྲིམས་སྲོལ་དང་པོ་སྟེ《ཆོས་ལུགས་ལས་དོན་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་ཡོད། ཁྲིམས་སྲོལ་འདི་བཏོན་པ་དེ་རང་རྒྱལ་གྱི་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་འཕེལ་རིམ་ཁྲོད་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད། དེས་བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ཁ་ཕྱོགས་གསལ་པོ་བསྟན་ཡོད་ལ། བོད་རང་སྐྱོང་ལྗོངས་ཀྱིས་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པར་ལམ་ལུགས་ཀྱི་རྨང་གཞི་ཡང་བརྟན་པོ་བཏིང་ཡོད།

《ཆོས་ལུགས་ལས་དོན་སྲོལ་ཡིག》ལག་ལེན་བསྟར་ཚུན། བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཞིང་། དེས་བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་བཅོས་སྐྱོང་ལ་བརྩི་སྲུང་ཞུ་སའི་ཁྲིམས་དང་བརྩི་སྲུང་ཞུ་སའི་སྒྲིག་ལམ་བྱུང་ཡོད། སྤྱི་དམངས་ཀྱི་ཆོས་དད་རང་མོས་ཀྱི་དབང་ཆ་འགན་སྲུང་དང་། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པ་མ་ཟད། ཐལ་སྐྱོད་རིང་ལུགས་ཀྱི་བསམ་བློ་ཐོན་པ་དང་མཆེད་རྒྱུ་བཀག་འགོག་ནུས་ལྡན་ཐུབ་པ་དང་། ཕྱི་རོལ་ཕྱོགས་གཏོགས་ཀྱིས་ཆོས་ལུགས་ལ་ཁ་གཡར་ནས་བོད་ཀྱི་ལས་དོན་ལ་ཐེ་ཇུས་བྱེད་པའི་བྱེད་སྤྱོད་བཀག་འགོག་ནུས་ལྡན་ཐུབ་སྟེ། བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་བཅས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་བརྟན་པོ་བྱས་ཡོད།

སྲོལ་ཡིག་ལག་བསྟར་བྱས་ནས་ལོ་20སོང་རིང《ཆོས་ལུགས་ལས་དོན་སྲོལ་ཡིག》དེས་བོད་བརྒྱུད་ནང་བསྟན་གོ་རིམ་ལ་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད། 《ཆོས་ལུགས་ལས་དོན་སྲོལ་ཡིག》གི་སྐུལ་འདེད་འོག་བོད་ཀྱི་དགོན་སྡེའི་རྩ་འཛུགས་ཀྱི་སྒྲོམ་གཞི་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་། ཆོས་ལུགས་ལས་རིགས་མི་སྣའི་དོ་དམ་རིམ་བཞིན་ཚད་ལྡན་དུ་ཕྱིན་པ། ནོར་དོན་ལམ་ལུགས་རྒྱུན་མཐུད་འཐུས་སྒོ་ཚང་དུ་ཕྱིན་ནས་སྔོན་ཆད་དོ་དམ་ཟང་ཟིང་གི་རྣམ་པར་རྦད་དེ་ལེགས་སུ་ཕྱིན་ཡོད། ད་ཆ་བོད་བརྒྱུད་ནང་བསྟན་གྱི་བྱེད་སྒོ་ཁག་ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། དད་ལྡན་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་གང་ལེགས་ཐུབ་པ། བོད་བརྒྱུད་ནང་བསྟན་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་མཐུན་ཧུར་ཐག་བྱུང་སྟེ། བསྟན་དོན་གསལ་འགྲེལ་དང་རིག་གནས་རྒྱུན་འཛིན་སོགས་ཕྱོགས་མང་པོ་ནས་གསོན་ཤུགས་ཆེན་པོ་མངོན་བཞིན་ཡོད།

གཅིག ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་དང་དད་མོས་ཀྱི་ལག་ལེན་ཚད་ལྡན་དུ་ཕྱིན་པ།

རང་རྒྱལ་གྱི《རྩ་ཁྲིམས》ཀྱི་དོན་ཚན་36པའི་ནང“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་དད་རང་མོས་ཡོད། རྒྱལ་ཁབ་ཀྱི་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། མི་སྒེར་བཅས་སུ་ཞིག་ཡིན་རུང་ཚང་མས་སྤྱི་དམངས་ཀྱིས་ཆོས་ལ་དད་པ་བྱེད་པའམ་ཡང་ན་ཆོས་ལ་དད་པ་མི་བྱེད་པར་བཙན་ཤེད་བྱེད་མི་ཆོག་ལ། ཆོས་ལ་དད་པ་བྱེད་མཁན་སྤྱི་དམངས་དང་ཆོས་ལ་དད་པ་མི་བྱེད་མཁན་སྤྱི་དམངས་སུ་ལའང་མཐོང་ཆུང་བྱེད་མི་ཆོག”ཅེས་གཏན་འབེབས་ཁ་གསལ་བྱས་ཡོད། རྩ་ཁྲིམས་འདིའི་དགོངས་དོན་དོན་འཁྱོལ་བྱེད་པའི་ཁྲིམས་སྲོལ་གལ་ཆེན་ཞིག་སྟེ《ཆོས་ལུགས་ལས་དོན་སྲོལ་ཡིག》ནང་ཆོས་དད་རང་མོས་ཀྱི་ཞིབ་ཕྲའི་ནང་དོན་ཞིབ་ཚགས་སུ་བཏང་བ་མ་ཟད། ད་དུང་རྩ་འཛུགས་དང་མི་སྒེར་སུ་ཞིག་ཡིན་རུང་ཆོས་ལུགས་སྤྱད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བ། སྤྱི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་གཏོང་བ་བཅས་བྱེད་མི་ཆོག་པའི་གཏན་འབེབས་ཁ་གསལ་བྱས་ཡོད་པ་དང་ཆབས་ཅིག་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་དང་སློབ་གྲྭ ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ཏེ་སྲིད་གཞུང་གི་མཛུབ་ཁྲིད་དང་། ལྟ་སྐུལ། དོ་དམ་བཅས་རང་རྟོགས་ངང་དང་ལེན་ཞུ་དགོས་པའི་བླང་བྱ་ཡང་བཏོན་ཡོད།

བོད་ཀྱི་རིམ་ཁག་སྲིད་གཞུང་སྡེ་ཚན་གྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་འགན་འཁྲི་རང་འགུལ་ངང་ཁུར་ནས་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་གཙོ་གནད་ལས་དོན་ལ་བརྩིས་ཏེ། བཅའ་ཁྲིམས་ཁྱབ་གདལ་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་བར་སྐུལ་འདེད་ཧུར་ཐག་བཏང་ཞིང་། དུས་བཀག་ལྟར་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་རིགས་གཅིག་མཁས་ཅན་གདན་དྲངས་ནས་ཆོས་ལུགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་དོན་ཚན་འགྲེལ་བཤད་བརྒྱབ་སྟེ། (པར་ངོས་དྲུག་པར་གཟིགས)(པར་ངོས་ལྔ་པར་མཐུད) ཆོས་ལུགས་ལས་དོན་སྒྲུབ་མཁན་ལས་བྱེད་པས་ཆོས་ལུགས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་ལ་གོ་བ་ཡང་དག་ལེན་པ་དང་། ཁོང་དུ་ཆུད་པར་བྱེད་པ། བེད་སྤྱོད་བཅས་བྱ་རྒྱུར་རམ་འདེགས་བྱས་པ་མ་ཟད། ད་དུང“བཅའ་ཁྲིམས་དགོན་སྡེར་ཁྱབ་སྤེལ”གྱི་བྱེད་སྒོ་འཚོལ་ཞིབ་བྱས་ཏེ་བོད་རྒྱ་ཤན་སྦྱར་གྱི《ཆོས་ལུགས་ལས་དོན་སྲོལ་ཡིག》རྩོམ་སྒྲིག་པར་སྐྲུན་བྱེད་པར་སྐུལ་འདེད་བཏང་ཐོག སྐྱེས་ཆེན་དམ་པ་དང་ཁྲིམས་ལུགས་རིག་པའི་རིགས་གཅིག་མཁས་ཅན་ལས་གྲུབ་པའི་བཅའ་ཁྲིམས་ཁྱབ་གདལ་སྒྲོག་འགྲེལ་ཚོགས་པ་སྒྲིག་འཛུགས་བྱས་ནས་ཁྲིམས་སྐྱོང་སྒྲོག་འགྲེལ་སློབ་གསོའི་བྱེད་སྒོ་ཆེ་གྲས་སྤེལ་ཏེ་གྲྭ་བཙུན་ཚོར་ལས་དོན་སྒྲུབ་དུས་ཁྲིམས་གཞིར་བཟུང་བ་དང་། གནས་ཚུལ་འཕྲད་དུས་ཁྲིམས་ཁུངས་འཚོལ་བ། དོན་དག་གཅོད་དུས་ཁྲིམས་ལ་བསྟུན་པ། འགལ་ཟླ་ཐུག་དུས་ཁྲིམས་བཞིན་སེལ་བ་བཅས་ཀྱི་གོམས་གཤིས་འཇགས་པར་བྱ་རྒྱུའི་ཁྲིད་སྟོན་ཡང་བྱས་ཡོད། བཅའ་ཁྲིམས་ཁྱབ་གདལ་གྱི་ཕན་འབྲས་ལ་ཞིབ་དཔྱད་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁག་གཅིག་ཏུ་བཅའ་ཁྲིམས་ཤེས་བྱའི་ཡིག་རྒྱུགས་སྒྲིག་འཛུགས་བྱས་ཏེ། ཆོས་ལུགས་ལས་རིགས་མི་སྣའི་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་ནུས་ལྡན་བཏང་བ་དང་། ཁྲིམས་སྦྱོང་བ་དང་། ཁྲིམས་ཤེས་པ། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་ལ་སྐུལ་འདེད་བཏང་ཡོད། གཞན་ཡང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ད་དུང་ཆོས་ལུགས་ལས་དོན་ཞུ་གཏུག་ཐེར་འདོན་ལམ་སྲོལ་བཙུགས་ཏེ། ཆོས་ལུགས་ཁྱབ་ཁོངས་ཀྱི་རྩོད་གཞི་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ནས་དད་ལྡན་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས་ཡོད།

གོང་གསལ་གྱི་བྱེད་ཐབས་བརྒྱུད་བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་དམངས་ཀྱི་ཆོས་དད་རང་མོས་ལ་སྲུང་སྐྱོང་བྱས་པ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལའང་སྲུང་སྐྱོང་ནུས་ལྡན་བྱས་ཡོད། འབྲེལ་ཡོད་བཅའ་ཁྲིམས་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བ་ལས་དད་ལྡན་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་ཟབ་ཏུ་ཕྱིན་པ་མ་ཟད། ད་དུང་ཆོས་ལུགས་ལས་རིགས་ཀྱི་རང་ངོས་དོ་དམ་ནུས་པའང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ཆོས་དད་རང་མོས་དང་སྤྱི་ཚོགས་ཞི་མཐུན་འཕེལ་རྒྱས་གཉིས་གཅིག་གྱུར་དམ་ཟབ་ཡོང་བར་སྐུལ་མ་ནུས་ལྡན་ཐེབས་ཡོད།

(མུ་མཐུད་འགོད་རྒྱུ)

(ཡོང་ཁུངས། ཀྲུང་གོ་ཆོས་ལུགས་དུས་དེབ་ཁང་)