དབྱངས།
ཤེས་རིག་མེ་ཏོག་བཀྲ་བའི་སློབ་གླིང་གི་ཚལ་ནས། །
ཕ་སྐད་དག་མའི་གླུ་དབྱངས་མགྲིན་པ་ནས་གྱེར་ཏེ། །
ཀ་ཁའི་རོལ་དབྱངས་སྙན་མོ་ལྷན་ཅིག་ཏུ་དཀྲོལ་དུས། །
གྲོགས་ཀྱི་སྐད་ངག་རྒྱུད་དྲུག་པི་ཝང་ལས་སྙན་པ། །
བཞི་ཟུང་བགྲང་བྱ་མང་པོའི་དཀའ་ཚེགས་ཀྱི་ལོ་ཟླ། །
དཀའ་སྡུག་སྡུག་གི་ཁུར་པོ་ཕྲག་པ་རུ་བླངས་ཏེ། །
སྐྱོ་གདུང་ངག་གི་ཤུགས་རིང་ནར་ནར་དུ་འཐེན་དུས། །
གྲོགས་ཀྱི་རང་ཚུགས་ལྕགས་ཀྱི་རི་བོ་ལས་བརྟན་པ། །
གནག་སྣུམ་སྐྲ་ལོའི་ལང་ཚོ་རལ་གྲི་ལ་དབང་དུས། །
ངེས་མེད་གོས་ཀྱི་ཁ་དོག་གུར་ཀུམ་གྱིས་བྱུགས་དུས། །
རྣམ་དག་གཞུང་གི་བདུད་རྩི་ཤེས་རབ་ཀྱིས་མྱོང་དུས། །
གྲོགས་ཀྱི་ལྷག་བསམ་གངས་ཀྱི་རི་བོ་ལས་དཀར་བ། །
བསྟོད་ན་དགའ་བའི་སེམས་པ་ཨ་སྔོན་ལ་མ་ལྡིང་། །
སྨད་ན་སྡུག་པའི་བསམ་བློ་མུན་དོང་ལ་མི་ཉལ། །
དགའ་སྡུག་འཚོ་བའི་རི་མོ་བསྟོད་སྨད་ཀྱིས་མ་བྲིས། །
གྲོགས་ཀྱི་མི་གཤིས་གསེར་གྱི་ལྷུན་པོ་ལས་མཚར་བ། །
དཔོན་དང་ཕྱུག་པོའི་བུ་ལ་ངོ་བསྟོད་དེ་མི་ཤེས། །
ཕལ་དང་དབུལ་པོའི་བུ་ལ་སྡང་མིག་དེ་མ་བགྲད། །
བདེན་པའི་ལམ་ནས་བདེན་པའི་འཚོ་བ་ལ་རོལ་བའི། །
གྲོགས་ཀྱི་ཕྱི་ཐག་གཙང་པོའི་བཞུར་རྒྱུན་ལས་རིང་བ། །
ཉེ་ན་ཉེ་བའི་ས་ནས་བཟའ་བཏུང་གིས་འབྲེལ་ཞིང་། །
རིང་ན་རིང་བའི་གནས་ནས་ཁ་པར་གྱིས་འབྲེལ་ཏེ། །
གནས་སྐབས་ཀུན་ཏུ་སེམས་དང་སེམས་པ་ཡིས་འབྲེལ་བའི། །
གྲོགས་ཀྱི་བརྩེ་འདང་རྒྱ་མཚོའི་གཏིང་ཚད་ལས་ཟབ་པ། །
ལྷན་འཛོམས་སྐྱིད་ཀྱི་ཉི་མ་ཨ་སྔོན་ནས་ཤར་ཏེ། །
དགའ་སྐྱིད་འདབ་སྡོང་གེ་སར་སྐྱེད་ཚལ་ལས་འཛུམ་པ། །
དགོད་སྒྲ་ཁུ་ལོའི་མགྲིན་དབྱངས་སྡོང་རྩེ་ནས་གྲག་དུས། །
གྲོཊ་ཀྱི་འཛུམ་མདངས་དབྱར་གྱི་མེ་ཏོག་ལས་མཛེས་པ། །