67 ཁྱིམ་རྒྱུད་རྒྱུ་ནོར་ལ་མི་གཞན་གྱིས་རྐང་བཙུགས་ནས་གཏོར་སྐྱོན་བཏང་ན་བསམ་པའི་ཕོག་ཐུག་གི་སྐྱིན་ཚབ་འཇལ་རེ་ཞུ་ཆོག་གམ།
དོན་ཚན་ཆིག་སྟོང་ཆིག་བརྒྱ་དང་གྱ་གསུམ་པ། རང་བྱུང་མིའི་མི་ལུས་ཁེ་དབང་ལ་གནོད་འཚེ་བཏང་བས་དེའི་བསམ་པར་ཕོག་ཐུག་ཚབས་ཆེན་བཟོས་ན། དབང་ཆར་བཙན་གནོད་ཕོག་མཁན་ལ་བསམ་པའི་ཕོག་ཐུག་གི་སྐྱིན་ཚབ་སྤྲོད་དགོས་ཞེས་རེ་འདུན་ཞུ་དབང་ཡོད།
བསམ་བཞིན་དུ་བྱས་པའམ་ལས་འཛོལ་ཚབས་ཆེན་ཤོར་བའི་དབང་གིས་རང་བྱུང་མིའི་མི་ལུས་སམ་དོན་སྙིང་ལྡན་པའི་དམིགས་བསལ་དངོས་རྫས་ལ་གཏོར་སྐྱོན་བཏང་བས་དེའི་བསམ་པར་གནོད་སྐྱོན་ཚབས་ཆེན་བཟོས་ན། དབང་ཆར་བཙན་གནོད་ཕོག་མཁན་ལ་བསམ་པའི་ཕོག་ཐུག་གི་སྐྱིན་ཚབ་སྤྲོད་དགོས་ཞེས་རེ་འདུན་ཞུ་དབང་ཡོད།
ཁྲིམས་ལུགས་འཆད་སྟེགས།
《དམངས་དོན་ཁྲིམས་གཞུང》ནང་ཁ་སྣོན་བྱས་པའི་གཏན་འབེབས་འདིས་བསམ་པའི་གུན་གསབ་འཇལ་ཁོངས་རྒྱ་ཆེར་བཏང་ཡོད། བསམ་བཞིན་དུའམ་ཡང་ན་ལས་འཛོལ་ཚབས་ཆེན་ཤོར་བའི་དབང་གིས་སྐྱེ་བོ་གཞན་ལ་ལུས་ཁམས་ཀྱི་དོན་སྙིང་ལྡན་པའི་དམིགས་བསལ་དངོས་རྫས་ཏེ། དཔེར་ན་མི་གཞན་གྱི་ཁྱིམ་ནོར་དང་། གཉེན་སྒྲིག་དྲན་གསོའི་འདྲ་པར། འདས་པོའི་འདྲ་པར། ཕྲུ་གུའི་མངལ་གྱི་སྤུ་སྨྱུག(མངལ་གྱི་སྤུ་སྨྱུག་ཅེས་པ་ནི་ཕྲུ་གུ་བཙས་རྗེས་ཐོག་མའི་སྐྲ་ཡིས་རྗེས་དྲན་བྱ་ཕྱིར་བཟོས་པའི་སྤུ་སྨྱུག་ལ་ཟེར། —སྒྱུར་སྒྲིག་པས) དང་སློབ་ཐོན་ལག་ཁྱེར་སོགས་ལ་གཏོར་སྐྱོན་བཏང་ནས་བསམ་པའི་གནོད་སྐྱོན་ཚབས་ཆེན་བཟོས་ཚེ། དངོས་ཟོག་རང་གི་ཚོང་རའི་རིན་གོང་ལྟར་སྐྱིན་ཚབ་འཇལ་དགོས་པ་མ་ཟད། ད་དུང་དངོས་བདག་ལ་བཟོས་པའི་བསམ་པའི་ཕོག་ཐུག་གི་སྐྱིན་ཚབ་འཇལ་དགོས། འདིར་དོ་སྣང་བྱེད་དགོས་པ་ཞིག་ལ་གཏན་འབེབས་འདི་ནི་དབང་ཆར་བཙན་གནོད་བཟོ་མཁན་གྱིས་བསམ་བཞིན་དུ་བྱས་པའམ་ཡང་ན་ལས་འཛོལ་ཚབས་ཆེན་ཤོར་ནས་དངོས་པོར་གཏོར་སྐྱོན་ཚབས་ཆེན་བཟོས་པའི་གནས་ཚུལ་འོག་ད་གཟོད་སྤྱད་ན་འཐུས། དབང་གནོད་མཁན་གྱིས་སྤྱིར་བཏང་ནོར་འཛོལ་གྱི་གནས་ཚུལ་འོག་ཏུ་དོན་ཚན་འདིའི་གཏན་འབེབས་ཁག་བཀོལ་སྤྱོད་མི་ཆོག
68 ཁེ་བེད་བདག་ཐོབ་ཀྱི་ཐོན་རྫས་ལ་མི་གཞན་གྱིས་འདྲ་བཟོ་དང་དབང་གནོད་བྱས་ན། ཆད་གཅོད་རང་བཞིན་གྱི་སྐྱིན་ཚབ་འཇལ་རྒྱུའི་རེ་བ་ཞུ་ཆོག་གམ།
དོན་ཚན་ཆིག་སྟོང་ཆིག་བརྒྱ་དང་གྱ་ལྔ་པ། སྐྱེ་བོ་གཞན་གྱི་ཤེས་རིག་བདག་དབང་ལ་བསམ་བཞིན་དུ་གནོད་འཚེ་བཏང་བ་དང་། གནས་ཚུལ་ཚབས་ཆེན་ཡིན་རིགས། དབང་གནོད་ཕོག་མཁན་ལ་བབ་མཚུངས་ཀྱི་ཆད་གཅོད་རང་བཞིན་གྱི་སྐྱིན་ཚབ་འཇལ་དགོས་ཞེས་རེ་འདུན་ཞུ་དབང་ཡོད།
ཁྲིམས་ལུགས་འཆད་སྟེགས།
ཤེས་རིག་བདག་དབང་ནི་ཤེས་རིག་གི་གྲུབ་འབྲས་ཤིག་ཡིན་ཞིང་། དེ་ལ་མངོན་མེད་ཀྱི་རང་བཞིན་ལྡན་ཡོད་པས། དབང་གནོད་ཕོག་རྗེས་གྱོང་གུན་དངོས་གཏན་འཁེལ་བྱེད་དཀའ་བ་རེད། མ་ཟད་ཤེས་རིག་དབང་ལ་གནོད་སྐྱོན་བཏང་ཚེ་སྔར་གྱི་རྣམ་པ་སླར་གསོ་བྱེད་དཀའ། དེས་ན་ཆད་གཅོད་རང་བཞིན་གྱི་གནོད་སྐྱོན་ཕོག་མཁན་ལ་སྐྱིན་ཚབ་འཇལ་དགོས་པ་མ་ཟད། དབང་གནོད་གཏོང་མཁན་ལ་ཆད་པ་གཅོད་དགོས། ཤེས་རིག་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཕྱིར་དང་། ཤེས་རིག་བདག་དབང་ལ་བཙན་གནོད་བྱེད་པའི་ཁྲིམས་འགལ་གྱི་མ་གནས་མངོན་གསལ་ཇེ་མཐོར་གཏོང་སླད། བཅའ་ཁྲིམས་ཀྱི་ཟིལ་གནོན་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱེད་དགོས། 《དམངས་དོན་ཁྲིམས་གཞུང》 ནང་ཤེས་རིག་བདག་དབང་ལ་གནོད་སྐྱོན་བཏང་བའི་ཆད་གཅོད་རང་བཞིན་གྱི་སྐྱིན་ཚབ་ལམ་ལུགས་གཏན་འབེབས་བྱས་ཡོད། དེ་ནི་དོ་བདག་གིས་ཆོག་འཐུས་བཀོལ་སྤྱོད་ཀྱི་བྱེད་ཐབས་སྤྱད་དེ་ཤེས་རིག་བདག་དབང་སྤྱོད་པར་སྐུལ་མ་གཏོང་བ་དང་གསར་གཏོད་ལ་བསྔགས་བརྗོད་བྱེད་པར་ཕན་པ་མ་ཟད། ཁེ་ལས་ཀྱིས་ཤེས་རིག་བདག་དབང་སྲུང་སྐྱོང་བྱེད་པའི་ཡིད་ཆེས་བརྟན་དུ་བཏང་ནས་རང་རྒྱལ་གྱི་གསར་གཏོད་ཁོར་ཡུག་དང་ཚོང་གཉེར་ཁོར་ཡུག་བཟང་པོ་གཏོད་རྒྱུར་ཕན་ཐོགས་ཆེན་པོ་ཡོད།
69 མི་གཞན་ལ་ལྟ་སྐྱོང་བྱེད་དུ་འཇུག་སྐབས་ཕྲུ་གུས་མི་གཞན་ལ་རྨས་སྐྱོན་བཏང་ན། ཁེ་དབང་ལ་བཙན་གནོད་བཏང་བའི་ཁག་འགན་སུས་ཁུར་དགོས་སམ།
དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའམ་དམངས་དོན་བྱ་སྤྱོད་ཀྱི་ནུས་པར་ཚོད་འཛིན་ཐེབས་པའི་མིས་སྐྱེ་བོ་གཞན་ལ་གྱོང་གུན་བཟོས་ན། ལྟ་སྐྱོང་པས་ལྟ་སྐྱོང་གི་འགན་འཁྲི་མི་གཞན་ལ་སྤྲད་པའི་རིགས་ཡིན་ཚེ། ལྟ་སྐྱོང་པས་དབང་གནོད་འགན་འཁྲི་འཁུར་དགོས་པ་དང་། ལྟ་སྐྱོང་བྱེད་ཕྱོགས་ཀྱི་ནོར་འཁྲུལ་ཡིན་ན་བབ་མཚུངས་ཀྱི་འགན་འཁྲི་འཁུར་དགོས།
ཁྲིམས་ལུགས་འཆད་སྟེགས།
ལྟ་སྐྱོང་པས་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་མེད་མཁན་དང་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཆ་ཚང་མེད་མཁན་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་འགན་འཁུར་དགོས། དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་མེད་མཁན་དང་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཆ་ཚང་མེད་མཁན་གྱིས་སྐྱེ་བོ་གཞན་ལ་རྨས་སྐྱོན་བཟོས་ན། ལྟ་སྐྱོང་པས་དབང་གནོད་ཁག་འགན་འཁུར་དགོས། ལྟ་སྐྱོང་པས་ལྟ་སྐྱོང་གི་འགན་འཁྲི་མི་གཞན་ལ་མངགས་བཅོལ་བྱེད་པའི་གནས་ཚུལ་འོག སྔར་བཞིན་ལྟ་སྐྱོང་བྱེད་མཁན་གྱིས་དབང་གནོད་ཁག་འགན་འཁུར་དགོས། འོན་ཀྱང་མངགས་བཅོལ་ལེན་མཁན་ལ་ནོར་འཁྲུལ་ཡོད་པའི་ར་སྤྲོད་བྱེད་ཐུབ་ན་མངགས་བཅོལ་ལེན་མཁན་གྱིས་ཀྱང་བབ་མཚུངས་ཀྱི་ཁག་འགན་འཁུར་དགོས། དེ་ནི་མངགས་བཅོལ་དང་ལེན་བྱེད་མཁན་གྱིས་དེ་མཚུངས་ཀྱི་ལྟ་སྐྱོང་འགན་འཁྲི་འཁུར་བར་ཤུགས་སྣོན་རྒྱག་རྒྱུར་ཕན་ཐོགས་ཡོད།