འདི་ག་ཚགས་པར་ཁང་དུ་ལྷོ་ཁ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཆེད་འགན་ཉེན་རྟོག་ཉིང་ལག་རུ་ཁག་གིས་གོང་དཀར་རྫོང་སྤྱི་བདེ་ཅུས་ཆེད་འགན་ཉེན་རྟོག་རུ་ཆེན་དང་མཉམ་འབྲེལ་ཐོག་མཉམ་འཛོམས་ཕྱིར་འཁྲིད་ནང་སྦྱོང་བྱས་ཏེ། འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་དངོས་འཐབ་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། ཉམས་སད་ཐེག་པ་དང་བྱང་ཚད་ལེགས་པའི་སྒོ་ནས་ལྷོ་ཁ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོབ་བྱས་ཏེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བའང་ཞུས་པ་རེད།
“2025ལོའི་ལྷོ་ཁའི་ཆེད་འགན་ཉེན་རྟོག་པའི་ས་ཁོངས་སྒྲོལ་བའི་ཕྱིར་འཁྲིད་ནང་སྦྱོང་དངོས་སུ་བྱེད་འགོ་འཛུགས་ཀྱི་ཡིན”ཞེས་བཀོད་འདོམས་དཔོན་གྱིས་བཀའ་ཕབ་པ་དང་བསྟུན། ལྷོ་ཁ་སྤྱི་བདེ་ཆེད་འགན་ཉེན་རྟོག་པའི་དཔུང་ཁག་གིས་ཉེན་རྟོག་པའི་གོ་མཚོན་ཁྱེར་ནས་མགྱོགས་མྱུར་འཛོམས་ཏེ། རླངས་འཁོར་བཏང་ནས་དམིགས་བཙུགས་ས་ཆར་བསྐྱོད་པ་རེད།
སྦྱོང་བརྡར་བྱེད་སྐབས་ནང་སྦྱོང་ལ་ཞུཌ་མཁན་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ཚང་མས་རྙོག་འཛིང་ཆེ་བའི་ས་དབྱིབས་བརྒྱུད་རྡོག་ཁྲེས་ཁྱེར་ནས་ཕྱིར་སྐྱོད་དང་། ཆུ་སྟེང་རོགས་སྐྱོབ། མཚན་མོར་སྔོག་བཤེར་འཛིན་བཟུང་། རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་སོགས་རྣམ་གྲངས་ཁག་ལ་དམིགས་ཏེ་མཐར་སོན་ལུས་སྦྱོང་དང་། མཐུན་སྦྱོར་དམག་འཐབ་ནང་སྦྱོང་། དམིཌ་བསལ་ཁོར་ཡུག་གི་དམག་འཐབ་སྦྱོང་བརྡར་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་བསྡུས་འཇོན་ཐང་ཆེ་རུ་ནུས་ལྡན་བཏང་བ་དང་། འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་མ་ལག་འཐུས་སྒོ་ཚང་དུ་བཏང་བ་རེད། དེ་དང་ཆབས་ཅིག་ནང་སྦྱོང་ལ་ཞུགས་མཁན་མི་དམངས་ཉེན་རྟོག་པས་ད་དུང་གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་དང་སྔོན་ཚུད་ཀྱི་ཐག་གཅོད་ཐབས་ཇུས་ཐད་སྤེལ་རེས་དང་སློབ་སྦྱོང་བྱས་ཏེ། དངོས་འཐབ་འཇོན་ཐང་གི“སྐུལ་འདེད་གཉིས་དང་མཐོར་འདེགས་གཉིས”ལ་སྐུལ་འདེད་བཏང་བ་རེད།