《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年06月10日

དྲིན་ཕ་མ་སྐུ་ཚེ་བརྟན་པར་ཤོག

སྲས་མཆོག་རྒྱལ།

དྲིན་ཨ་ཕའི་ཞལ་རས་ཉི་མ་འདྲ། །

སེར་འཁྱིལ་ལེར་ཤར་ན་དགའ་བ་ལ། །

འོད་སྤྲིན་པས་བསྒྲིབས་ན་ཞེ་རེ་སྐྱོ། །

དྲིན་ཨ་ཕའི་སྐུ་ཚེ་བརྟན་པར་ཤོག །

དྲིན་ཨ་ཕའི་དབུ་འཕང་རྫ་རི་འདྲ། །

མཐོ་འགྱིང་ངེར་བཞུགས་ན་དགའ་བ་ལ། །

རྫ་གངས་ཀྱིས་བཟུང་ན་ཞེ་རེ་སྐྱོ། །

དྲིན་ཨ་ཕའི་སྐུ་ཚེ་བརྟན་པར་ཤོག །

དྲིན་ཨ་ཕའི་སྐུ་ལུས་སྡོང་པོ་འདྲ། །

ལྗང་ཐིང་ངེར་སྐྱེས་ན་དགའ་བ་ལ། །

ཤིང་རླུང་གིས་བཅོམ་ན་ཞེ་རེ་སྐྱོ། །

དྲིན་ཨ་ཕའི་སྐུ་ཚེ་བརྟན་པར་ཤོག །

དྲིན་ཨ་མའི་སྐུ་ལུས་ཉི་མ་འདྲ། །

འོད་གསལ་ལེར་ཤར་དུས་དྲོད་མ་ཚོར། །

མཚན་མུན་པ་རུབ་དུས་ཡང་ཡང་དྲན། །

ཙག་བསེར་བུས་མནར་དུས་ལྷག་ཏུ་དྲན། །

དྲིན་ཨ་མའི་སྐུ་ལུས་སྤང་རི་འདྲ། །

སྣུམ་ཚིལ་ལེར་རྒྱས་དུས་སྐྱིད་མ་ཚོར། །

སྒང་སྨུག་པས་བཟུང་དུས་ཡང་ཡང་དྲན། །

གངས་ཁ་བས་གཡོགས་དུས་ལྷག་ཏུ་དྲན། །

དྲིན་ཨ་མའི་སྐུ་ལུས་རྫ་ཆུ་འདྲ། །

དྭངས་ཁྲུམ་མེར་བཞུར་དུས་དྲིན་མ་ཚོར། །

སྟོན་དར་ཁས་བཟུང་དུས་ཡང་ཡང་དྲན། །

དགུན་བཞུར་མཚམས་ཆད་དུས་ལྷག་ཏུ་དྲན། །