འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 《ཁྲིམས་ལུགས་སྐབས་དོན་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིཌ་ན། ཉེ་ཆར། སྤྱི་བདེ་པུའུ་དང་། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་། དམངས་སྲིད་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་བཅས་སྡེ་ཚན་དྲུག་གིས《རྒྱལ་ཁབ་དྲ་རྒྱའི་ཐོབ་ཐང་ཁས་ལེན་གྱི་སྤྱི་པའི་ཞབས་ཞུའི་དོ་དམ་བྱ་ཐབས》(གཤམ་དུ《དོ་དམ་བྱ་ཐབས》ཞེས་བསྡུ་རྒྱུ)མཉམ་དུ་ཡོངས་བསྒྲགས་བྱས་ནས་2025ལོའི་ཟླ་7ཚེས་15ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
རྒྱལ་ཁབ་དྲ་རྒྱའི་ཐོབ་ཐང་ཁས་ལེན་གྱི་སྤྱི་པའི་ཞབས་ཞུ་ནི་རྒྱལ་ཁབ་ཀྱིས་ཁྲིམས་གཏན་འཁེལ་བའི་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་གཞིར་བཟུང་། རྒྱལ་ཁབ་ཀྱིས་གཅིག་གྱུར་ཐོག་བསྐྲུན་པའི་དྲ་རྒྱའི་ཐོབ་ཐང་ཁས་ལེན་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཤིག་ཡིན་པ་དང་། དེས་རང་བྱུང་མིར་དྲ་བའི་ཨང་རྟགས་དང་དྲ་བའི་ལག་ཁྱེར་རེ་ཞུ་དང་དེ་བཞིན་ཐོབ་ཐང་ཞིབ་དཔྱད་སོགས་ཀྱི་ཞབས་ཞུ་བསྒྲུབས་ཀྱི་ཡོད། དྲ་བའི་ཨང་རྟགས་ནི་རང་བྱུང་མིའི་ཐོབ་ཐང་ཆ་འཕྲིན་དང་གཅིག་མཚུངས་ཡིན་པ་དང་ཡིག་འབྲུ་དང་ཨང་ཀི་ལས་གྲུབ་པ་དང་ཐོབ་ཐང་ཆ་འཕྲིན་གྱི་གསལ་ཡིག་མེད་པའི་དྲ་རྒྱའི་ཐོབ་ཐང་གི་མཚོན་རྟགས་ཤིག་རེད། དྲ་བའི་ལག་ཁྱེར་ནི་དྲ་བའི་ཨང་རྟགས་དང་རང་བྱུང་མིའི་ཐོབ་ཐང་ཆ་འཕྲིན་གྱི་གསལ་ཡིག་མེད་པའི་དྲ་རྒྱའི་ཐོབ་ཐང་ཁས་ལེན་གྱི་དཔང་འཛིན་ཞིག་རེད། དྲ་བའི་ཨང་རྟགས་དང་དྲ་བའི་ལག་ཁྱེར་དེ་དྲ་སྦྲེལ་ཞབས་ཞུ་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་དང་ལས་རིགས་ཀྱིས་དོ་དམ་དང་ཞབས་ཞུ་སྒྲུབ་རིང་རང་བྱུང་མིའི་ཐོབ་ཐང་ངོ་མའི་ཆ་འཕྲིན་གྱི་གསལ་ཡིག་མེད་པར་ཐོ་འགོད་དང་ཞིབ་དཔྱད་བྱེད་པར་སྤྱོད་ཆོག་གི་ཡོད།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
ཡིད་ཆེས་རུང་བའི་གྲངས་འཛིན་ཐོབ་ཐང་གི་འཐབ་ཇུས་ལག་བསྟར་བྱས་ནས་རྒྱལ་ཁབ་དྲ་རྒྱའི་ཐོབ་ཐང་ཁས་ལེན་གྱི་སྤྱི་པའི་ཞབས་ཞུ་འཛུགས་གཏོད་ལ་སྐུལ་འདེད་གཏོང་བ་དང་། སྤྱི་དམངས་ཀྱི་ཐོབ་ཐང་ཆ་འཕྲིན་གྱི་བདེ་འཇགས་སྲུང་བ། གྲངས་འཛིན་དཔལ་འབྱོར་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བཅས་བྱས་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་། གྲངས་གཞིའི་བདེ་འཇགས་བཅའ་ཁྲིམས། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་ངོ་རྒོལ་གྱི་བཅའ་ཁྲིམས། ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང《དོ་དམ་བྱེད་ཐབས》བཟོས་ཡོད་པ་རེད།
《དོ་དམ་བྱ་ཐབས》ལ་ཁྱོན་དོན་ཚན་16ལ་ཡོད་ཅིང་། དེའི་ནང་རྒྱལ་ཁབ་དྲ་རྒྱའི་ཐོབ་ཐང་ཁས་ལེན་གྱི་སྤྱི་པའི་ཞབས་ཞུ་དང་དེ་བཞིན་དྲ་བའི་ཨང་རྟགས་དང་། དྲ་བའི་ལག་ཁྱེར་གྱི་གོ་དོན། རེ་ཞུ་བྱེད་སྟངས་བཅས་ཁ་གསལ་བཟོས་པ་དང་། རྒྱལ་ཁབ་དྲ་རྒྱའི་ཐོབ་ཐང་ཁས་ལེན་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་དང་བེད་སྤྱོད་བྱ་ཡུལ་ཁ་གསལ་བཟོས་པ། རྒྱལ་ཁབ་དྲ་རྒྱའི་ཐོབ་ཐང་ཁས་ལེན་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་དང་དྲ་སྦྲེལ་ལས་སྟེགས་སོགས་གྲངས་གཞིའི་བདེ་འཇགས་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་འགན་འཁྲི་ནན་བཤད་བྱས་པ། ན་སོ་དར་ལ་མ་བབས་པའི་མིས་རྒྱལ་ཁབ་དྲ་རྒྱའི་ཐོབ་ཐང་ཁས་ལེན་གྱི་སྤྱི་པའི་ཞབས་ཞུ་རེ་ཞུ་དང་བེད་སྤྱོད་སོགས་ཐད་ཀྱི་དམིགས་བསལ་གཏན་འབེབས་ཁ་གསལ་བཟོས་ཡོད་པ་རེད།
《དོ་དམ་བྱ་ཐབས》ནང་དྲ་བའི་ཨང་རྟགས་དང་དྲ་བའི་ལག་ཁྱེར་གྱི་རང་མོས་བེད་སྤྱོད་རྩ་དོན་ཁ་གསལ་བཟོས་ནས་འབྲེལ་ཡོད་གཙོ་གཉེར་སྡེ་ཚན་དང་། གཙོ་གནད་ལས་རིགས། དྲ་སྦྲེལ་ལས་སྟེགས་བཅས་ཀྱིས་སྤྱོད་མཁན་གྱི་རང་མོས་རྩ་དོན་གཞིར་བཟུང་དྲ་བའི་ཨང་རྟགས་དང་དྲ་བའི་ལག་ཁྱེར་ཁྱབ་གདལ་བེད་སྤྱོད་གཏོང་རྒྱུར་ལྕག་སྐུལ་བྱས་མོད། འོན་ཀྱང་ད་ལྟ་ཡོད་པའམ་ཡང་ན་ཁྲིམས་མཐུན་བྱེད་སྟངས་གཞན་བརྒྱུད་ནས་ཐོ་འགོད་དང་ཞིབ་དཔྱད་བྱས་པའི་ཐོབ་ཐང་སོར་འཇོག་དང་མཁོ་འདོན་བྱེད་དགོས། དྲ་སྦྲེལ་ལས་སྟེགས་ཀྱིས་རྒྱལ་ཁབ་དྲ་རྒྱའི་ཐོབ་ཐང་ཁས་ལེན་གྱི་སྤྱི་པའི་ཞབས་ཞུ་དང་སྦྲེལ་མཐུད་བྱེདཔར་ལྕག་སྐུལ་བྱས་རུང་། དྲ་བའི་ཨང་རྟགས་དང་དྲ་བའི་ལག་ཁྱེར་སྤྱད་མེད་མཁན་དང་དྲ་བའི་ཨང་རྟགས་དང་དྲ་བའི་ལག་ཁྱེར་སྤྱོད་མཁན་གྱིས་གཅིག་མཚུངས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་འགན་ལེན་བྱས་ཡོད་པ་རེད།