བཅའ་ཁྲིམས་ཤེས་བྱའི་ དྲི་བ་དྲིས་ལན།
62.དོ་བདག་གིས་ཁང་པར་མཛེས་བཟོ་བྱེད་དུས་སྔོན་ལ་སྡེ་ལས་ཀུང་སིར་ཤོད་དགོས་སམ།
ལན། ཤོད་དགོས་ཀྱི་ཡོད།
63.མངགས་མིས་བར་འབྲེལ་མི་སྣ་གཡོལ་ནས་གན་རྒྱ་བཞག་ཚེ་བར་འབྲེལ་མི་སྣར་བར་འབྲེལ་གྲོན་དངུལ་སྤྲོད་དགོས་སམ།
ལན། བར་འབྲེལ་མི་སྣས་ཉོ་ཚོང་གོ་སྐབས་སམ་བར་འབྲེལ་ཞབས་འདེགས་ཞུས་ཀྱང་བར་འབྲེལ་མི་སྣར་གཡོལ་ནས་ཐད་ཀར་གན་རྒྱ་བཞག་ཚེ་བར་འབྲེལ་མི་སྣར་གླ་ཆ་སྤྲོད་དགོས་ཀྱི་ཡོད།
64.མཉམ་ལས་ཀྱི་དུས་ཚད་གསལ་པོ་བཟོས་མེད་ཚེ་མཉམ་ལས་པས་རང་འདོད་བཞིན་མཉམ་ལས་བྱེད་མཚམས་བཞག་ན་འགྲིག་གམ།
ལན། འགྲིག་གི་ཡོད། འོན་ཀྱང་ལུགས་མཐུན་གྱི་དུས་ཚད་གོང་མཉམ་ལས་པ་གཞན་དག་ལ་བརྡ་ཐོ་གཏོང་དགོས།
65.མཉམ་ལས་འབྲེལ་བའི་ཁྲོད་ཇི་ལྟར་བྱས་ཏེ་ཁེ་སྤོགས་བགོ་བ་དང་གྱོང་གུན་འཁུར་དགོས་སམ།
ལན། ཁ་ཆད་ཡོད་ཚེ་ཁ་ཆད་ལྟར་བྱེད་དགོས་པ་དང་། ཁ་ཆད་མེད་ཚེ་རང་སོ་སོས་དངོས་སུ་བཏོན་པའི་མ་དངུལ་གྱི་བསྡུར་ཚད་གཞིར་བཟུང་བགོ་བཤའ་རྒྱག་པ་དང་འགན་འཁུར་དགོས་པ། མ་དངུལ་བཏོན་པའི་བསྡུར་ཚད་གཏན་འཁེལ་བྱེད་མི་ཐུབ་ཚེ་ཆ་སྙོམས་ངང་བགོ་བ་དང་འགན་འཁུར་དགོས།
66.མཉམ་ལས་ཀྱི་བུ་ལོན་འཇལ་སྐབས་རང་ཉིད་ཀྱིས་འཁུར་འོས་པའི་དངུལ་གྲངས་ལས་བརྒལ་ཚེ་མཉམ་ལས་པ་གཞན་དག་ཕྱོགས་ནས་སྐྱིན་འདེད་བྱེད་ཆོག་གམ།
ལན། བྱེད་ཆོག་གི་ཡོད།
67.འདས་པོའི་མིང་གྲགས་དང་། གསང་བ། མཚན་སྙན་སོགས་ལ་བཙན་གནོད་ཕོག་ཚེ་མི་གང་དག་གིས་ཞུ་གཏུག་བྱས་ནས་འགན་འཁྲི་བདའ་འདེད་བྱེད་ཆོག་གམ།
ལན། འདས་པོའི་བཟའ་ཟླ་དང་། བུ་ཕྲུག ཕ་མ་བཅས་ཀྱིས་ཁྲིམས་ལྟར་འགན་འཁྲི་བདའ་འདེད་བྱེད་ཆོག་པ་དང་། གལ་ཏེ་འདས་པོར་བཟའ་ཟླ་དང་བུ་ཕྲུག་མེད་པ་མ་ཟད། ཕ་མ་ཚེ་ལས་འདས་ཟིན་ན། གཉེན་ཉེ་གཞན་དག་གིས་ཁྲིམས་ལྟར་འགན་འཁྲི་བདའ་འདེད་བྱེད་ཆོག
68.འདས་པོའི་དབང་པོ་ཞལ་འདེབས་སུ་ཕུལ་བར་འདས་པོའི་བཟའ་ཟླ་དང་བུ་ཕྲུག་གམ་ཡང་ན་ཕ་མ་གང་རུང་གིས་ཐག་བཅད་ན་ཆོག་གམ།
ལན། བྱེད་མི་ཆོག ངེས་པར་དུ་བཟའ་ཟླ་དང་། ན་སོ་དར་ལ་བབས་པའི་བུ་ཕྲུག ཕ་མ་བཅས་ཀྱིས་མཉམ་དུ་ཐག་བཅད་དགོས་པ་མ་ཟད། ཡིག་ཐོག་ནས་འབྲི་དགོས།
69.ཕའི་རུས་མིང་ངམ་མའི་རུས་མིང་སྤྱོད་པ་ཕུད་ཐད་ཀའི་རྒན་རབས་གཉེན་ཉེའི་རུས་མིང་གཞན་སྤྱོད་ཆོག་གམ།
ལན། སྤྱོད་ཆོག་གི་ཡོད།
70.མི་སྒེར་གྱི་སློབ་སྦྱོང་ཆེད། དགོས་ངེས་ཀྱི་ཁྱབ་ཁོངས་སུ་འདྲ་པར་གྱི་བདག་དབང་ཡོད་མཁན་གྱིས་ཡོངས་བསྒྲགས་བྱས་ཟིན་པའི་འདྲ་པར་བེད་སྤྱོད་བྱེད་ཆོག་གམ།
ལན། སྤྱོད་ཆོག་གི་ཡོད།
71.འདྲ་པར་གྱི་བདག་དབང་ཡོད་མཁན་གྱིས་འདྲ་པར་བེད་སྤྱོད་བྱེད་ཆོག་པའི་གན་རྒྱ་སྔ་སྣུར་དུ་ཕྱིར་འཐེན་བྱས་ན་ཆོག་གམ།
ལན། ལུགས་མཐུན་གྱི་རྒྱུ་མཚན་ཡོད་ན། འདྲ་པར་གྱི་བདག་དབང་ཡོད་མཁན་གྱིས་སྔ་སྣུར་དུ་གན་རྒྱ་མཚམས་འཇོག་བྱེད་ན་ཆོག གན་རྒྱ་ཕྱིར་འཐེན་བྱས་ནས་ཕ་རོལ་ལ་གྱོང་གུན་བཟོས་ན། འདྲ་པར་གྱི་བདག་དབང་ཡོད་མཁན་ལ་འགན་འཁྲི་དཀྲི་མི་རུང་བའི་དོན་རྐྱེན་ཕུད། གྱོང་གུན་སྐྱིན་ཚབ་འཇལ་དགོས།
72.གཉེན་ཉེའི་ཁྱབ་ཁོངས་གང་དག་ཡིན་ནམ།
ལན། གཉེན་ཉེའི་ནང་བཟའ་ཟླ་དང་། ཁྲག་རྒྱུད་གཅིག་གི་སྤུན་ཉེ། བཟའ་ཚང་གི་གཉེན་ཉེ་བཅས་ཡིན།
73.གཉེན་ཚན་ཉེ་གྲས་ཀྱི་ཁྱབ་ཁོངས་གང་དག་ཡིན་ནམ།
ལན། གཉེན་ཚན་ཉེ་གྲས་ནང་བཟའ་ཟླ་དང་། ཕ་མ། བུ་ཕྲུག གཅེན་གཅུང་། ཕ་རྒྱུད་སྤོ་བོ་དང་རྨོ་བོ། མ་རྒྱུད་སྤོ་བོ་དང་རྨོ་བོ། ཚ་རབས་བུ་ཕྲུག ཚ་བོ་དང་ཚ་མོ་བཅས་ཚུད་ཡོད།
74.ཁྱིམ་ཚང་གི་ཁོངས་མིའི་ཁྱབ་ཁོངས་གང་དག་ཡིན་ནམ།
ལན། ཁྱིམ་ཚང་གི་ཁོངས་མིའི་ནང་བཟའ་ཟླ་དང་། ཕ་མ། བུ་ཕྲུག་བཅས་དང་མཉམ་དུ་འཚོ་བ་སྐྱེལ་མཁན་གྱི་གཉེན་ཚན་ཉེ་གྲས་གཞན་དག་ཚུད་ཡོད།
75.རང་རྒྱལ་གྱི་ཁྲིམས་བཀོད་གཉེན་སྒྲིག་ལོ་ཚད་ཇི་ལྟར་གཏན་འབེབས་བྱས་ཡོད་དམ།
ལན། སྐྱེས་པ་ལོ་22ལས་སྔ་མི་ཆོག་པ་དང་། བུད་མེད་ལོ་20ལས་སྔ་མི་ཆོག
76.ཕྱོགས་གཅིག་ལ་ནད་གཞི་ཚབས་ཆེན་ཕོག་ཡོད་ཀྱང་གཉེན་སྒྲིག་མ་བྱས་གོང་ཕྱོགས་གཞན་དེར་མ་བཤད་ན། ཕྱོགས་གཞན་དེས་གཉེན་སྒྲིག་ཐོ་འགོད་ཕྱིར་འཐེན་བྱེད་ཆོག་གམ།
ལན། བྱེད་ཆོག འོན་ཀྱང་ངེས་པར་དུ་ཕྱིར་འཐེན་བྱེད་པའི་དོན་རྐྱེན་ཤེས་པའམ་ཡང་ན་ཤེས་དགོས་པའི་ལོ་གཅིག་གི་ནང་ཚུན་དུ་ཕྱིར་འཐེན་བྱེད་དགོས།
77.གཉེན་སྒྲིག་ནང་ཕྱོགས་གཅིག་གིས་ཤུལ་འཛིན་པའི་རྒྱུ་ནོར་དེ་བཟའ་ཚང་གི་ཐུན་མོང་རྒྱུ་ནོར་དུ་གཏོགས་སམ།
ལན། ཁ་ཆེམས་ནང་རྒྱུ་ནོར་དེ་བཟའ་ཟླ་ཕྱོགས་གཅིག་གི་མི་སྒེར་གྱི་རྒྱུ་ནོར་དུ་གཏོགས་པའི་གཏན་འབེབས་གསལ་པོ་བྱས་ཡོད་པ་མ་གཏོགས་བཟའ་ཚང་གི་ཐུན་མོང་རྒྱུ་ནོར་དུ་བརྩི་དགོས།
78.ཕྱོགས་གཅིག་གི་མི་ལུས་ལ་གནོད་འཚེ་ཕོག་པའི་དབང་གིས་ཐོབ་པའི་སྐྱིན་གསབ་བམ་གུན་གསབ་དེ་བཟའ་ཚང་གི་ཐུན་མོང་རྒྱུ་ནོར་དུ་གཏོགས་སམ།
ལན། མི་གཏོགས།
79.ཐད་ཀར་འཚོ་སྐྱོང་མ་བྱས་པའམ་གཉེན་སྒྲིག་མིན་པར་སྐྱེས་པའི་བུ་ཕྲུག་གི་ལུས་སྦྱིན་ཕའམ་ཡང་ན་མས་འཚོ་སྐྱོང་གྲོན་དངུལ་སྤྲོད་དགོས་སམ།
ལན། སྤྲོད་དགོས།
80.འགན་འཁུར་ནུས་པ་ཡོད་པའི་གཅེན་པོ་དང་གཅེན་མོར་ན་སོ་དར་ལ་མ་བབས་པའི་གཅུང་པོ་དང་གཅུང་མོ་གསོ་སྐྱོང་བྱེད་པའི་འོས་འགན་ཡོད་དམ།
ལན། གལ་ཏེ་ཕ་མ་ཚེ་ལས་འདས་པའམ་ཡང་ན་ཕ་མར་གསོ་སྐྱོང་བྱེད་ནུས་མེད་ཚེ་འོས་འགན་ཡོད།
81.གང་འདྲ་ཞིག་ལ་བཟའ་ཚང་ཁ་འབྲལ་ཐོ་འགོད་བྱེད་རིང་གི་བསམ་གཞིག་དུས་ཡུན་ཟེར་རམ།
ལན། བཟའ་ཚང་གཉིས་ཀྱིས་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་བཟའ་ཚང་ཁ་འབྲལ་ཐོ་འགོད་རེ་ཞུ་བྱས་པ་དང་། བཟའ་ཚང་ཁ་འབྲལ་ཐོ་འགོད་ལས་ཁུངས་ལ་བཟའ་ཚང་ཁ་འབྲལ་ཐོ་འགོད་རེ་ཞུ་འབྱོར་བའི་ཉིན་ནས་བཟུང་གི་ཉིན་30ཡི་ནང་ཚུན་ནི་བསམ་གཞིག་དུས་ཡུན་ཡིན་པས། ཕྱོགས་གང་རུང་གིས་ཐོ་འགོད་རེ་ཞུ་ཕྱིར་འཐེན་བྱེད་ཆོག
82.ལོགས་དགར་བསྡད་ནས་ལོ་གཉིས་ཟིན་ན་བཟའ་ཚང་ཁ་འབྲལ་བའི་ཁྲིམས་ཐག་བཅད་ན་ཆོག་གམ།
ལན། ངེས་པ་མེད། ཕན་ཚུན་བརྩེ་དུང་མེད་པའི་དབང་གིས་ལོགས་དགར་བསྡད་པའི་དུས་ཡུན་ལོ་2ཟིན་ན་གཞི་ནས་ཆོག་པ་དང་། འོན་ཀྱང་ཕན་ཚུན་བརྩེ་དུང་རྩ་བ་ནས་མེད་པ་མ་ཟད་འཆམ་ཐབས་མེད་པའི་ར་སྤྲོད་ཡོད་ན་གཞི་ནས་ཁ་བྲལ་བའི་ཁྲིམས་ཐག་བཅད་ཆོག
83.ན་སོ་དར་ལ་མ་བབས་པའི་བུ་ཕྲུག་གི་འཚོ་སྐྱོང་དབང་ཆ་སུ་ལ་གཏོགས་མིན་གཏན་འཁེལ་ཇི་ལྟར་བྱེད་དམ།
ལན། ཁ་ཆད་ཡོད་ན་ཁ་ཆད་ལྟར་བྱེད་དགོས། ཁ་ཆད་མེད་ན། ན་སོ་དར་ལ་མ་བབས་པའི་བུ་ཕྲུག་ལོ་གཉིས་ཀྱི་ནང་ཚུན་དུ་ཨ་མས་གསོ་སྐྱོང་བྱ་རྒྱུ་རྩ་དོན་དུ་འཛིན་དགོས། ལོ་2ལ་སླེབས་ཚེ། ན་སོ་དར་ལ་མ་བབས་པའི་བུ་ཕྲུག་ལ་ཕན་ཐོགས་ཆེ་ཤོས་ཡོད་པའི་རྩ་དོན་དུ་བརྩིས་ནས་གཏན་འཁེལ་བྱེད་དགོས། གལ་ཏེ་བུ་ཕྲུག་ལོ་བརྒྱད་ལ་སླེབས་ཚེ། བུ་ཕྲུག་གི་འདོད་བློར་བརྩི་འཇོག་བྱེད་དགོས།
84.བུ་ཕྲུག་མེད་པའི་གསོ་ཉར་བས་མང་ཤོས་སུ་བུ་ཕྲུག་ག་ཚོད་གསོ་ཉར་བྱེད་ཆོག་གམ།
ལན། གཉིས་བྱེད་ཆོག་མོད། འོན་ཀྱང་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་གྱི་ན་སོ་དར་ལ་མ་བབས་པའི་བུ་ཕྲུག་གསོ་ཉར་བྱེད་པ་ཚུད་མེད།
85.ཕོ་ཧྲེང་གིས་ཕྲུ་གུ་བུ་མོ་གསོ་ཉར་བྱེད་པ་དང་མོ་ཧྲེང་གིས་ཕྲུ་གུ་བུ་གསོ་ཉར་བྱས་ཚེ། གསོ་ཉར་བྱེད་མཁན་དང་གསོ་ཉར་བྱ་ཡུལ་གྱི་ལོ་ཚད་ལ་ཧེ་བག་ག་ཚོད་དགོས་སམ།
ལན། ལོ་བཞི་བཅུ་ཡན་དགོས།
86.གསོ་ཉར་གྱི་འབྲེལ་བ་ནམ་ཞིག་ནས་འགོ་ཚུགས་པ་དང་ནམ་ཞིག་ནས་ཕྱིར་འཐེན་བྱེད་དམ།
ལན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཚན་ལ་ཐོ་འགོད་བྱེད་པའི་ཉིན་ནས་འགོ་ཚུགས་པ་དང་། ཐོ་འགོད་ཕྱིན་འཐེན་བྱས་པའི་ཉིན་ནས་བཟུང་ཕྱིར་འཐེན་བྱས་པ་ཡིན།