《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年04月22日

༅དུས་ཀྱི་དྲན་འཆར་།

དཔལ་འབྱོར་ནོར་བུ། (ལྷ་ས་སློབ་འབྲིང་།)

དཔྱིད་ཀྱི་ཕོ་ཉས་གསུང་སྙན་སྒྲོག་བཞིན་ལྷ་ལམ་མཐོངས་སུ་དལ་གྱིས་ལྡིང་། །

དྲི་བཞོན་རླུང་གིས་བང་རྩལ་ངོམས་ནས་ས་འཛིན་སྤོ་རུ་འགྲོས་ཀྱིས་རྒྱུ། །

རྐང་ཐུང་ཚོཌ་ཀྱང་མྱུ་གུ་འབུས་བཞིན་མཉེན་ལྕུག་འདབ་བརྒྱའི་ཡན་ལག་བརྐྱངས། །

དཔྱིད་ཀྱི་དཔལ་ཡོན་མཁའ་ནས་བྱོན་ཏེ་འཇིག་རྟེན་ཁམས་སུ་ལྟད་མོར་ཕེབས། །

རྟ་བདུན་དབང་པོ་ནུབ་ཕྱོགས་ཆུ་ལྷའི་འཕང་བར་དལ་བ་དལ་བུར་བཞུད། །

བདག་གི་སེམས་སུ་མི་ཚེའི་སྐྱིད་སྡུག་འདྲེས་མའི་རླུང་བུ་ཡང་ཡང་ལྡང་། །

གློ་བུར་དལ་འབྱོར་ལུས་རྟེན་ཐོབ་སའི་བྱང་གི་རྩྭ་ཐང་ཡིད་ངོར་ཤར། །

སྐྱིད་སྡུག་འཚོ་བའི་ངག་གི་གླུ་ཆུང་ནག་ཆུང་ཡི་གེར་བླངས་ན་བསམ། །

མཛེས་མཛེས་སུམ་རྩེན་གནས་ནས་འཕོས་འདྲའི་ཕ་ཡུལ་ནག་ཆུ་ཁ་དེ་མཛེས། །

བརྗིད་བརྗིད་གེ་སར་རྒྱལ་པོའི་སྒྲུང་གཏམ་བྱང་ཐང་ཡུལ་ལུང་ཀུན་ཏུ་དར། །

མཉེན་མཉེན་རྩྭ་འཇམ་གཡུ་ལོ་དབྱར་གཞུང་སྤང་ལ་འཇའ་ཚོན་རྣམ་པར་བཀྲ། །

འུར་འུར་རྐང་དྲུག་ཚོགས་ཀྱང་རྩི་ཏོག་སྣ་བརྒྱའི་རོ་བཅུད་ལེན་ལ་བྲེལ། །

ཞིམ་ཞིམ་དཀར་དམར་སྨན་རྩྭའི་དྲི་བསུང་ཕྱོཌ་མཚམས་ཀུན་ཏུ་ངང་གིས་ཁྱབ། །

སྙན་སྙན་བྱ་བྱིའུ་སྐད་སྙན་སྣ་ཚོགས་རྩྭ་ཐང་སྟེང་དུ་རོལ་དབྱངས་འཁྲོལ། །

སྔོ་སྔོ་ཨ་སྔོན་ན་བཟའ་བཀླུབས་པའི་བྱང་གི་ནག་ཆུའི་སྣོད་བཅུད་ཀུན། །

དྲན་དྲན་ཡིད་གདུང་ཀློང་ནས་བརྡོལ་བའི་འཛིན་བྱེད་ལྕགས་ཀྱུ་འདྲ། །

མཛེས་མཛེས་ཡིད་འོང་བྱང་གི་ནག་ཆུའི་བསྟོད་གླུ་སྙན་མོ་བླངས་ཚར་རྗེས། །

ཆུང་ཆུང་བུ་ངའི་གོམས་སྟབས་དལ་གྱིས་སློབ་རའི་སྐྱེད་ཚལ་ལྡུམ་རར་གཏད། །

མཚར་མཚར་ཁམ་བུའི་མེ་ཏོག་དྲི་བསུང་སྣ་ཤེས་བརྒྱུད་དེ་འཐུལ་བའི་ཚེ། །

བྱམས་བྱམས་དྲིན་ཆེན་ཉི་ཟླའི་སྣང་བརྙན་ཡབ་ཡུམ་ཟུང་ཡང་ཝ་ལེར་དྲན། །

ཀྱེ་ཀྱེ་རིན་ཆེན་ཚེ་སྲོག་སྦྱིན་མཁན་བྱམས་བརྩེ་ལྡན་པའི་ཡབ་ཡུམ་ཟུང་། །

གནག་སྣུམ་འཇམ་པའི་དབུ་སྐྲ་དག་ནི་ལོ་རྒས་ཁ་བའི་མདངས་སུ་གྱུར། །

དཀར་གསལ་ཟླ་བའི་ཞལ་རས་གཉེར་མའི་གྲོག་ཤུར་འཐེན་ནས་བཞིན་མདངས་ཉམས། །

གྲུང་གྲུང་ཁྲ་ཆུང་སྤྱན་ཟུང་དེ་ཡང་རབ་རིབ་སྨུག་སྤྲིན་འཐིབས་པ་ལྟར་དུ་གནས། །

དེ་ལྟར་མི་རྟག་དུས་ཀྱི་འཕོ་འགྱུར་སྟངས་སྟབས་རྣམ་པ་སྣ་ཚོགས་ལས། །

སྐྱིད་སྡུག་འདྲེས་མའི་ཚོར་ཤེས་ཕུང་པོ་རླུང་གིས་ཇི་ལྟར་གཡོ་ན་ཡང་། །

གཅེས་པའི་ཡུལ་དང་དགའ་བའི་སྤུན་ཟླའི་གྱེས་བྲལ་གདུང་སེམས་ནི། །

རྟག་བརྟན་ཐེར་ཟུག་ཇི་བཞིན་བདག་གི་སེམས་ཀྱི་མཚོ་མོར་ཡང་ཡང་འཕྱོ། །