《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月25日

༄༅། །རྫོགས་ལྡན་གཡང་གི་ལོ་གསར།

དབྱངས་ལྡེའུ།

རྫོགས་ལྡན་གནམ་ལོའི་ཟླ་གཞོན་ཆ་རྫོགས་ཤིང་། །

ཕུན་ཚོགས་སྡེ་བཞིའི་འདབ་སྟོང་རབ་གྲོལ་ནས། །

སྐྱེ་རྒུའི་དགའ་སྐྱིད་དགོད་སྒྲས་ཡུལ་བཀང་བའི། །

ཚིག་རིས་སྨོན་པའི་དར་དཀར་ཕྱག་གིས་བཏེགས། །

རང་བྱུང་རི་ཆུའི་བཀོད་པ་ལྷག་པར་མཛེས། །

མཛེས་སྡུག་གངས་ཀྱི་གཟི་བྱིན་འབར་བའི་ཡུལ། །

ཡུལ་གྱི་སྲོལ་རྒྱུན་བཟང་པོའི་བ་དན་དཀར། །

དཀར་གཙང་སྤྲིན་པའི་དབུ་དང་མཉམ་པར་ཤོག །

ལོ་འཁོར་རེས་སུ་འཁོར་བའི་མི་ཚེའི་དཀྱིལ། །

འདོད་དོན་ཟླ་བ་གཞོན་ནུའི་འཛུམ་གྲོལ་ཏེ། །

ཡིད་སེམས་ཆུ་སྐྱེས་རྒྱས་པའི་ཕང་བ་རུ། །

རེ་འབྲས་ཟེའུ་འབྲུའི་དཔལ་ཡོན་བཞད་པས་དགེ །

དར་མའི་བློ་གསལ་བཟང་པོའི་ཞིང་སའི་ངོགས། །

ཤེས་རིག་ནས་དཀར་སྙེ་མའི་རྦ་རླབས་འཕྱུར། །

རྨད་བྱུང་བརྩོན་འགྲུས་བསིལ་རླུང་འཇམ་པོ་ཡིས། །

དུས་ཀུན་ཆད་པ་མེད་པའི་རམ་འདེགས་ཤོག །

བཟང་གསུམ་བཀྲ་ཤིས་གཡང་ཁྱིམ་བཞུཊ་གྲལ་དུ། །

བདེ་ལེགས་ཕུ་ནུ་ཉེ་དུ་ལྷན་འཛོམས་ཤིང་། །

དགའ་སྐྱིད་དགོད་སྒྲའི་གཏམ་གྱི་སྙན་པ་ཡིས། །

ལོ་གཡང་ཕོ་ཉ་གཞོན་ནུ་མགྲོན་དུ་བསུ། །

རབ་མཛེས་ཀུན་གསལ་བུ་མོའི་ཞལ་ཁྱིམ་དུ། །

ཉི་གཞོན་ལང་ཚོ་རྒྱས་པའི་འཛུམ་ཞལ་མཛེས། །

ཟོལ་མེད་སྨོན་འདུན་བཟང་པོའི་བྱ་མ་རྟ། །

བསང་དུད་ལང་ལོང་ལྷན་དུ་མཁའ་ལ་ཆས། །

བསོད་ནམས་ལས་ཀྱིས་གྲུབ་པའི་ཞིང་ཁ་བཟང་། །

ཡིད་གཞུང་ཟ་མ་ཏོག་སྣོད་བཀང་བ་ཡི། །

གསེར་གྱི་རླབས་ཕྲེང་གཡོ་བའི་ལོ་ཏོག་འབུམ། །

ལེཊ་པར་འཁྲུངས་པའི་བཀྲ་ཤིས་ལོ་གསར་བསུ། །