《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月25日

༄༅། །ལོ་གསར་པར་ཕུལ་བའི་ཤིས་ཚིག

སྤེན་ཚེ་གཞོན་པ།

བཀྲ་ཤིས་ལོ་གསར་ཤར་བའི་དགའ་སྟོན་འདིར། །

བཀྲ་ཤིས་ཕྱེ་མར་ཕུད་གཏོར་ལན་གསུམ་གནང་། །

བཀྲ་ཤིས་ནས་ཆང་གསུམ་སྒྲོན་མཉེས་དག་གིས། །

བཀྲ་ཤིས་གླུ་དབྱངས་སྙན་མོའི་མཆོད་པ་འབུལ། །

ཨ་སྔོན་ས་ལ་འཕོས་འདྲའི་སྔོ་ལྗང་གི་རྩྭ་ཐང་། །

དཀར་ཁྲི་ནག་སྟོང་ནམ་མཁའི་རྒྱུ་སྐར་དང་མཚུངས་པས། །

ཕྱུགས་ཀྱི་འཕེལ་ཁ་རྒྱས་པའི་ལྟས་བཟང་དེ་མཐོང་དུས། །

འབྲོག་ལས་འཕེལ་རྒྱས་བྱུང་བའི་ལོ་གསར་དེ་བཟང་བྱུང་། །

སད་སེར་ཐན་ཞོད་ལོ་ཏོག་དགྲ་བོ་ལས་རྒྱལ་བས། །

སྙེ་རྡོག་གཅིག་ལ་ནས་རྡོག་སུམ་བརྒྱ་དང་དྲུག་ཅུ། །

བང་མཛོད་འབྲུ་སྣ་ལྔ་ཡིས་བྱུར་བུ་རུ་གཏམས་དུས། །

ཞིང་ལ་ལོ་ལེགས་བྱུང་བའི་ལོ་གསར་དེ་སྐྱིད་བྱུང། །

མི་ཚེ་རིང་པོ་བརྒྱད་ཅུའི་ཕྲེང་བ་ཡི། །

རྒན་པོ་དབུ་དཀར་སྐལ་བཟང་བག་གྲོས་མཚོན། །

ཚེ་རིང་བགྲེས་སོང་རྣམས་ཀྱི་ཞལ་རས་ལས། །

བདེ་སྐྱིད་འཛུམ་མདངས་འཕྱུར་བའི་ལོ་གསར་བཟང་། །

གཙུག་ལག་རིག་པའི་པད་ཚལ་ལྡུམ་ར་ན། །

རིག་སྟོབས་རྒྱས་པའི་ཁྱེའུ་ཆུང་པད་མ་རྣམས། །

བཤེས་གཉེན་ཚ་ཟེར་ཅན་གྱི་བཀའ་དྲིན་ལས། །

གནས་ལྔའི་ལོ་འདབ་རྒྱས་པའི་ལོ་གསར་བཟང་། །

ཡ་གིའི་བགྲེས་སོང་ནས་བརྩིས་བྱིས་པའི་བར། །

རང་རང་འགན་འབབ་བགྱི་བ་ལྷུར་བཞེས་བཞིན། །

རྒན་བཀུར་གཞོན་གཅེས་སྲོལ་བཟང་སྐྱོང་བ་ཡི། །

ནང་མི་འཆམ་མཐུན་བྱུང་བའི་ལོ་གསར་བཟང་། །

བ་གམ་ཁང་བཟང་ཕྱི་ཡི་བཀོད་པ་མཛེས། །

དཀར་ཆ་དོད་པའི་སྒེའུ་ཁུང་ཤམ་བུས་བརྒྱན། །

ནང་དུ་ཁ་གདན་གྲུམ་ཙེ་གློག་ཆས་སོགས། །

སྒྲིག་ཆས་ཕུན་ཚོགས་བཤམས་པའི་ལོ་གསར་བཟང་། །

དཔལ་བེའུ་རིས་ལྡན་དབྱིབས་ལེགས་ཤིང་ཁྲོལ་དུ། །

ཀ་ར་བུ་རམ་ཤིང་ཏོག་སྣ་ཚོགས་དང་། །

ཚགས་ཤ་ལུག་ཤ་ལ་སོགས་ཞལ་ཟས་ཀྱིས། །

མདུན་ལྕོག་དོག་པོར་བྱས་པའི་ལོ་གསར་བཟང་། །

སྒྲ་སྙན་ཡང་ཆིན་པི་ཝང་ལ་སོགས་ཀྱིས། །

མཉམ་དཀྲོལ་རོལ་མོའི་སྙན་འཇེབས་འགྱུར་ཁུག་ཁྲོད། །

ནང་མ་སྟོད་གཞས་ལ་སོགས་སྲོལ་རྒྱུན་གྱི། །

ཞབས་བྲོའི་རྡོག་གྲ་འགྲིག་པའི་ལོ་གསར་བཟང་། །

མིག་གི་དཔལ་དུ་གྱུར་པའི་གཞོན་ནུ་མས། །

གྲེ་བ་གསང་པོས་ཆང་གཞས་བླངས་པས་ན། །

དམར་ཡག་སྟག་ལ་འགྲན་པའི་ཕོ་གཞོན་ཚོས། །

བདུད་རྩིའི་རོ་བཅུད་མྱོང་བའི་ལོ་གསར་བཟང་། །

ཕུན་ཚོགས་འཚོ་བ་དབྱར་གྱི་ཆུ་གཏེར་བརྡོལ། །

རྒྱུ་ནོར་ལོངས་སྤྱོད་རྣམ་ཐོས་སྲས་ལ་འགྲན། །

ཕྱུག་པོའི་ལམ་བཟང་བགྲོད་པའི་སྐལ་བཟང་དུས། །

ཀྲུང་ཧྭའི་མངའ་ཐང་རྒྱས་པའི་ལོ་གསར་བཟང་། །

འགྲོ་ཀུན་ནད་ངན་གདོན་གྱིས་མ་གཙེས་ཤིང་། །

མེ་ཆུ་གཡང་སོགས་འཇིགས་པ་མི་བྱུང་བར། །

བདེ་སྐྱིད་ཉི་མ་རྟག་ཏུ་འཆར་བ་དང་། །

ཆར་ཆུ་དུས་སུ་བབས་པའི་བཀྲ་ཤིས་ཤོག །

མཐུན་པ་སྤུན་བཞིའི་རྣམ་ཐར་སྐྱོང་བཞིན་དུ། །

འདོད་ཡོན་སྣ་ལྔའི་ཕུན་ཚོགས་འདོད་དགུ་ལ། །

ལོངས་སུ་སྤྱོད་པའི་འགྲོ་བ་མ་ལུས་ཀུན། །

ཕུན་ཚོགས་སྡེ་བཞིས་ཕྱུག་པའི་ལོ་གསར་བཟང་། །