སྤྱི་བདེ་ལས་ཁུངས་ཀྱི་བདེ་འཇགས་དོ་དམ་ཁྱབ་ཁོངས་ཀྱི་གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་སྤྱི་བདེ་ལས་ཁུངས་ཀྱི་སྲིད་དོན་ཞབས་ཞུའི་ལས་ཕྱོད་ཆེ་རུ་དང་སྤུས་ཚད་མཐོ་རུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་ཀྱིས“དྲ་སྦྲེལ+སྤྱི་བདེ་ལས་ཁུངས་ཀྱི་སྲིད་དོན་ཞབས་ཞུའི་ལས་སྟེགས”དང་འབྲེལ་མཐུད་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། གྲོང་མིའི་ཐོབ་ཐང་ལག་ཁྱེར་བརྗེ་གསབ་ལེན་གསུམ་གྱི་ལས་སྒོ“བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་སྒྲུབ”བདེ་བླག་ངང་བྱས་ཡོད།
གསར་འགོད་པས་ཤེས་རྟོགས་བྱུང་བར། 2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་གྲོང་མིའི་ཐོབ་ཐང་ལག་ཁྱེར་བརྗེ་གསབ་ལེན་གསུམ་གྱི“བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་བའི”ཞབས་ཞུའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད་པ་རེད།
ད་ཐེངས་གྲོང་མིའི་ཐོབ་ཐང་ལག་ཁྱེར་བརྗེ་གསབ་ལེན་གསུམ་གྱི“བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་བའི”ལས་སྒོ་བདག་སྤྲོད་བྱ་ཡུལ་ནི་བོད་རང་སྐྱོང་ལྗོངས་སུ་ཐེམ་ཐོ་ཡོད་པའི་མི་ཡིན་པ་རེད། གཉེར་སྒྲུབ་རེ་ཞུའི་ཆ་རྐྱེན་ཞིབ་ཕྲ་གཤམ་གསལ་ཏེ། གཉེར་སྒྲུབ་རེ་འདུན་ཞུ་མཁན་ནི་ལོ་16ཧྲིལ་པོར་སླེབས་པའི་བོད་ཀྱི་ཐེམ་ཐོ་ཡིན་པའི་གྲོང་མི་ཡིན་དགོས་པ་མ་ཟད། བོད་དུ་མཛུབ་རིས་ཆ་འཕྲིན་ལྡན་པའི་རབས་གཉིས་པའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་གཉེར་མྱོང་མཁན་ཡིན་དགོས་པ་དང་། གྲོང་མིའི་ཐོབ་ཐང་ལག་ཁྱེར་བརྗེ་གསབ་ལེན་གསུམ་གྱི་རེ་འདུན་ཞུ་བར་ལག་ཁྱེར་ཆག་རལ་བྱུང་ནས་བརྗེ་ལེན་བྱེད་པའམ་ཡང་ན་བོར་བརླགས་སོང་ནས་གསབ་ལེན་བྱེད་པའི་གནས་ཚུལ་དང་མཐུན་དགོས་པ། དུས་མཚུངས་སུ་བསྡུ་རུབ་བྱས་ནས་ཉར་ཚགས་བྱས་པའི་འདྲ་པར་གྱི་དུས་ཚོད་ལོ་5ལས་བརྒལ་མི་ཆོག གཞན་ཡང་དོ་སྣང་བྱེད་དགོས་པར་གཉེར་སྒྲུབ་རེ་འདུན་ཞུ་མཁན་གཅིག་གིས་དྲ་ཐོག་ནས་ལས་སྒོ་དེ་གཉེར་སྐབས་རེ་འདུན་བསྟུད་མར་ཐེངས་གཉིས་ཞུ་མི་ཆོག
གྲོང་མིའི་ཐོབ་ཐང་ལག་ཁྱེར་བདག་སྤྲོད་བྱེད་པའི་གྲོན་དངུལ་དེ《གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་གྲོན་དངུལ་བསྡུ་བའི་ཚད་གཞི་དང་འབྲེལ་ཡོད་གནད་དོན་སྐོར་གྱི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ནོར་སྲིད་པུའི་བརྡ་ཐོ》(འཕེལ་སྒྱུར་རིན་གོང་[2003]ཨང་2322)ལ་ནན་པོར་གཞིགས་ནས་ལག་ལེན་བསྟར་རྒྱུ་སྟེ། གོ་ཆོད་དུས་ཡུན་ཐིམ་ནས་གྲོང་མིའི་ཐོབ་ཐང་ལག་ཁྱེར་བརྗེ་ལེན་བྱས་རིགས་ལ་གྲོན་དངུལ་སྒོར་20བསྡུ་རྒྱུ་དང་། ལག་ཁྱེར་ཆག་རལ་བྱུང་ནས་བརྗེ་ལེན་དང་བོར་བརླགས་སོང་ནས་གསབ་ལེན་བྱས་རིགས་ལ་ལག་ཁྱེར་རེར་གྲོན་དངུལ་སྒོར་40བསྡུ་རྒྱུ་རེད།
(སྤེན་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
གཤམ་གསལ་ནི་ལས་སྒོའི་ཕྱོགས་སྟོན་དང་བཀོལ་སྤྱོད་
བརྒྱུད་རིམ་ཞིབ་ཕྲ་ཡིན་པ་སྟེ།
1. སྐད་འཕྲིན་སྤྱི་སྟེགས་ཨང་རྟགས“བོད་ལྗོངས་སྤྱི་བདེ་སྲིད་དོན་ཞབས་ཞུའི་ལས་སྟེགས”ལ་དོ་ཁུར་བྱས་ནས“སྐད་འཕྲིན་ཉེན་རྟོག་ལས་དོན”སྐར་ཁུང་དུ་ཞུགས་དགོས།
2. “ཐོ་འགོད”ཅེས་པ་མནན་ནས་ཐོ་འགོད་དྲ་ངོས་སུ་ཞུགས་དགོས། གལ་ཏེ་ཐོ་ཁོངས་སུ་ཐོ་འགོད་བྱས་མེད་ན། གཡས་འོག་གི“འཕྲལ་མར་ཐོ་འགོད”ཅེས་པ་མནན་ནས་ཐོ་ལེགས་པར་འགོད་དགོས། ཐོ་ཁོངས་ཡོད་ན་ཐད་ཀར་ཐོ་འགོད་བྱས་ནས་ཞུགས་ཆོག
3. ཐོ་འགོད་ལེགས་གྲུབ་བྱུང་རྗེས“ལས་སྒྲུབ་ལྟེ་གནས”སུ་ཞུགས་དགོས།
4. ལས་སྒྲུབ་ལྟེ་གནས་ནས“ཐོབ་ཐང་ལག་ཁྱེར་གསབ་བརྗེ་ལེན”དོན་ཚན་འཚོལ་བ་དང་དེ་ནས“དྲ་ཐོག་ཞུ་འབུལ”མཐེབ་གནོན་གནོན་དགོས། གལ་ཏེ་གསར་དུ་ཐོ་འགོད་བྱས་པའི་ཐོ་ཁོངས་སུ་རང་ཉིད་ངོ་མས་བདེན་མིན་ར་སྤྲོད་བྱས་མེད་ན། སྔོན་ལ“རང་ཉིད་ངོ་མའི་བདེན་མིན་ར་སྤྲོད”བྱེད་དགོས་པ་དང་། བདེན་མིན་ར་སྤྲོད་ལེགས་གྲུབ་བྱུང་རྗེས་དོན་ཚན་ལྟེ་གནས་སུ་བསྐྱར་དུ་ཞུགས་པ་དང་དེ་ནས་དེ་མཚུངས་ཀྱི་དོན་ཚན་བཙལ་ཏེ་དྲ་ཐོག་ནས་ཞུ་འབུལ་བྱེད་དགོས། (ཞུ་འབུལ་མ་བྱས་གོང་སྔོན་ལ་ལས་སྒྲུབ་བྱེད་སྐབས་ཤེས་དགོས་རིགས་ཞེས་པར་ལྟ་ཀློག་ཞིབ་པར་བྱེད་དགོས། གལ་ཏེ་ལས་སྒྲུབ་ཀྱི་ཆ་རྐྱེན་དང་མ་མཐུན་ན་མ་ལག་གིས་རང་འགུལ་གསལ་སྟོན་བྱེད་ཀྱི་ཡོད)
5. ལས་སྒྲུབ་དོན་ཚན་གྱི་ས་ཁུལ་འདེམས་དགོས།
6. རེའུ་མིག་འབྲི་བའི་དྲ་ངོས་སུ་ཞུགས་རྗེས་མ་ལག་གིས་དྲན་སྐུལ་བྱས་པ་ལྟར་འབྲེལ་ཡོད་ཆ་འཕྲིན་ཡང་དག་བྲིས་ནས་ཕུལ་དགོས། གོང་འབུལ་ལེགས་གྲུབ་བྱུང་ཚེ་མ་ལག་གིས“ཞུ་འབུལ་ལེགས་གྲུབ་བྱུང་སོང”ཞེས་དྲན་སྐུལ་བྱ་རྒྱུ་བཅས་རེད།