《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年02月11日

དམངས་དོན་ཁྲིམས་གཞུང་ལས་དངོས་དབང་སྐོར་གྱི་དྲི་བ་དྲིས་ལན།

34 མི་གཞིའི་ཁེ་དབང་ལ་གནོད་འཚེ་ཕོག་ཚེ་གནོད་འཚེ་ཕོག་མཁན་གྱིས་ཁྲིམས་ཁང་ལ་བཀག་རྒྱ་དང་སྲུང་སྐྱོང་གི་རེ་འདུན་ཞུས་ཆོག་གམ།

དོན་ཚན་དགུ་བརྒྱ་དང་གོ་བདུན་པ། དམངས་དོན་བྱེད་པོར་བྱ་སྤྱོད་སྤེལ་མིས་རང་ཉིད་ཀྱི་མི་གཞིའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་སྤེལ་བཞིན་ཡོད་པའམ་སྤེལ་གྲབས་ཡོད་པས། དུས་ཐོག་ཏུ་བཀག་འགོག་མ་བྱས་ན་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གསབ་ཐབས་མེད་པའི་གནོད་རྐྱེན་ཐེབས་སྲིད་པ་ར་སྤྲོད་བྱེད་ཐུབ་པའི་དཔང་རྟགས་ཡོད་པ་ཡིན་ན། ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་བྱ་སྤྱོད་སྤེལ་མིས་འབྲེལ་ཡོད་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་བཀའ་བཀོད་གཏོང་བའི་རེ་འདུན་ཞུས་ཆོག

ཁྲིམས་ལུགས་འཆད་སྟེགས།

དྲ་རྒྱའི་དུས་རབས་སུ་མི་གཞིའི་ཁེ་དབང་ལ་གནོད་འཚེ་བཟོ་བའི་བྱེད་སྤྱོད་ཁ་ཤས་གལ་ཏེ་དུས་ཐོག་ཏུ་བཀག་འགོག་མ་ཐུབ་ཚེ་གསབ་ཐབས་མེད་པའི་གྱོང་གུན་བཟོ་སྲིད། གལ་ཏེ་བྱ་སྤྱོད་སྤེལ་མིས་བྱ་སྤྱོད་སྤེལ་བཞིན་ཡོད་པའམ་སྤེལ་གྲབས་ཡོད་པས། དུས་ཐོག་ཏུ་བཀག་འགོག་མ་བྱས་ན་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ ལ་གསབ་ཐབས་མེད་པའི་གྱོང་གུན་ཕོག་སྲིད་པ་མ་ཟད་དམངས་དོན་བྱེད་པོས་དེའི་ཐད་དཔང་རྟགས་ཁུངས་བཙན་ཡོད་ཚེ་དེས་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་བྱ་སྤྱོད་སྤེལ་མིས་འབྲེལ་ཡོད་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་བཀའ་བཀོད་གཏོང་བའི་རེ་འདུན་འདོན་དབང་ཡོད། དམངས་དོན་བྱེད་པོའི་རེ་འདུན་ཁྲིམས་མཐུན་ཡིན་ཚེ་མི་དམངས་ཁྲིམས་ཁང་གིས་བྱ་སྤྱོད་སྤེལ་མིར་འབྲེལ་ཡོད་བྱེད་སྤྱོད་སྤེལ་མཚམས་འཇོག་དགོས་པའི་བཀའ་བཀོད་གཏོང་དགོས།

35 འདས་པོའི་ཁྱིམ་མིས་བེམ་པོ་ཞལ་འདེབས་འབུལ་རྒྱུ་མཉམ་དུ་ཐག་གཅོད་བྱེད་ཆོག་གམ།

དོན་ཚན་ཆིག་སྟོང་དང་དྲུག་པ། དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་མི་ལ་ཁྲིམས་ལྟར་རིན་མེད་དུ་ཁོའི་མི་ལུས་ཀྱི་ཕྲ་ཕུང་དང་། མི་ལུས་ཀྱི་གྲུབ་ཕུང་། མི་ལུས་ཀྱི་དོན་སྣོད། བེམ་པོ་བཅས་ཞལ་འདེབས་སུ་འབུལ་རྒྱུ་རང་ཐག་རང་གཅོད་བྱེད་དབང་ཡོད། རྩ་འཛུགས་དང་མི་སྒེར་གང་ཡང་རུང་བས་བཙན་ཐབས་དང་། མགོ་སྐོར། བསླུ་བྲིད་བཅས་ཀྱི་ཐོག་ནས་ཁོར་ཞལ་འདེབས་འབུལ་དུ་བཅུག་མི་ཆོག

དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་མི་ལ་ནང་ཚན་གོང་མའི་གཏན་འབེབས་ལྟར་ཞལ་འདེབས་སུ་འབུལ་རྒྱུའི་མོས་མཐུན་ཡོད་ན། ཡིག་ཐོག་གི་རྣམ་པ་སྤྱོད་དགོས་ལ་ཁ་ཆེམས་བཞག་ཀྱང་ཆོག

རང་བྱུང་མི་འཚོ་གནས་བྱེད་རིང་དུ་ཞལ་འདེབས་འབུལ་རྒྱུར་མོས་མཐུན་མེད་ཚུལ་མ་བསྟན་པ་ཡིན་ན། རང་བྱུང་མི་དེ་ཤི་རྗེས་དེའི་བཟའ་ཟླ་དང་། ནར་སོན་པའི་བུ་ཕྲུག ཕ་མ་བཅས་ཀྱིས་མཉམ་དུ་ཞལ་འདེབས་འབུལ་རྒྱུ་ཐག་གཅོད་བྱས་ཆོག ཞལ་འདེབས་འབུལ་རྒྱུ་ཐག་གཅོད་བྱེད་སྐབས་ཡིག་ཐོག་གི་རྣམ་པ་སྤྱོད་དགོས།

ཁྲིམས་ལུགས་འཆད་སྟེགས།

རང་བྱུང་མིར་མི་ལུས་ཀྱི་ཕྲ་ཕུང་དང་། མི་ལུས་ཀྱི་གྲུབ་ཕུང་། མི་ལུས་ཀྱི་དོན་སྣོད། བེམ་པོ་བཅས་ཞལ་འདེབས་སུ་འབུལ་རྒྱུ་རང་ཐག་རང་གཅོད་བྱེད་དབང་ཡོད། མི་ལུས་ཞལ་འདེབས་འབུལ་བའི་འདུན་པ་ནི་ཁྲིམས་དང་མཐུན་དགོས་པ་ལས་བཅའ་ཁྲིམས་ཀྱི་གཏན་འབེབས་སམ་ཡང་ན་སྲོལ་རྒྱུན་གྱི་གོམས་གཤིས་ལས་འགལ་མི་རུང་། མི་ལུས་ཞལ་འདེབས་འབུལ་བའི་འདུན་པ་ནི་བདེན་པ་དང་རང་མོས་ཡིན་པ་ལས་རྩ་འཛུགས་སམ་མི་སྒེར་གང་རུང་གིས་བཙན་ཐབས་དང་། མགོ་སྐོར། བསླུ་བྲིད་བཅས་ཀྱི་ཐོག་ནས་ཞལ་འདེབས་འབུལ་དུ་བཅུག་མི་ཆོག དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་མིར་གཞི་ནས་ཞལ་འདེབས་འབུལ་རྒྱུའི་ཐག་གཅོད་དབང་ཡོད་པ་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པ་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིས་མི་ལུས་ཞལ་འདེབས་འབུལ་བའི་མོས་མཐུན་བྱེད་མི་ཆོག ཞལ་འདེབས་འབུལ་རྒྱུའི་མོས་མཐུན་བྱེད་མཁན་གྱིས་ཡིག་ཐོག་གམ་ཡང་ན་ནུས་ལྡན་གྱི་ཁ་ཆེམས་འཇོག་དགོས། གལ་ཏེ་རང་བྱུང་མི། འཚོ་གནས་བྱེད་རིང་དུ་ཞལ་འདེབས་འབུལ་རྒྱུར་མོས་མཐུན་མེད་ཚུལ་མ་བསྟན་པ་ཡིན་ན་རང་བྱུང་མི་དེ་ཤི་རྗེས་དེའི་བཟའ་ཟླ་དང་། ནར་སོན་པའི་བུ་ཕྲུག ཕ་མ་བཅས་ཀྱིས་ཡིག་ཐོག་རྣམ་པའི་ཐོག་ནས་མཉམ་དུ་ཞལ་འདེབས་འབུལ་རྒྱུའི་ཐག་གཅོད་བྱས་ཆོག་པ་དང་མི་སུ་ཞིག་གིས་མོས་མཐུན་མ་བྱས་ཚེ་ཞལ་འདེབས་འབུལ་ཆོག་གི་མེད།

36 མི་ལུས་ཉོ་འཚོང་བྱེད་ཆོག་གམ།

དོན་ཚན་ཆིག་སྟོང་དང་བདུན་པ། མི་ལུས་ཀྱི་ཕྲ་ཕུང་དང་། མི་ལུས་ཀྱི་གྲུབ་ཕུང་། མི་ལུས་ཀྱི་དོན་སྣོད། བེམ་པོ་བཅས་རྣམ་པ་གང་རུང་གི་ཐོག་ནས་ཉོ་འཚོང་བྱས་མི་ཆོག དོན་ཚན་གོང་མའི་གཏན་འབེབས་དང་འགལ་བའི་ཉོ་འཚོང་བྱ་སྤྱོད་ལ་ནུས་པ་མི་ལྡན་པ་ཡིན།

ཁྲིམས་ལུགས་འཆད་སྟེགས།

བཅའ་ཁྲིམས་ཀྱིས་མི་གཞིའི་ལ་རྒྱར་སྲུང་སྐྱོབ་བྱེད་སྐབས་མི་ནི་དམིགས་ཡུལ་ཡིན་པ་ལས་བྱ་ཐབས་མིན། མི་ལུས་གྲུབ་ཕུང་གི་ཆ་ཤས་ནི་ཉོ་ཚོང་བྱེད་གཞིར་གྱུར་མི་རུང་། དེར་བརྟེན་མི་ལུས་རིན་མེད་ངང་ཞལ་འདེབས་འབུལ་བ་ལས་བཅའ་ཁྲིམས་ཀྱིས་རྣམ་པ་གང་རུང་ཐོག་ནས་མི་ལུས་ཀྱི་ཕྲ་ཕུང་དང་། མི་ལུས་ཀྱི་གྲུབ་ཕུང་། མི་ལུས་ཀྱི་དོན་སྣོད། བེམ་པོ་བཅས་ཉོ་ཚོང་བྱ་རྒྱུ་གཏན་འགོག་བྱས་ཡོད། འཚོང་མཁན་ལ་ཐད་ཀར་དངུལ་སྤྲོད་པ་ཕུད་འདས་པོའི་གཉེན་ཉེའམ་ཡང་ན་བར་མི་གཞན་དག་དང་བེམ་པོ་འགན་འཁུར་མཁན་སྒྲིག་གཞིར་དངུལ་སྤྲད་ཚེ་ཉོ་ཚོང་གྲུབ་སྲིད། མི་ལུས་གྲུབ་ཕུང་གི་ཆ་ཤས་ནི་གཏའ་མ་འཇོག་པའམ་བོགས་མར་གཏོང་རྒྱུ་དམིགས་ཡུལ་དུ་བྱས་པ་ཚང་མ་མི་ལུས་རིན་དོད་ཡོད་པའི་བེད་སྤྱོད་ཁོངས་སུ་གཏོགས་པས་བཅའ་ཁྲིམས་ཀྱིས་བཀག་འགོག་བྱས་ཡོད། མི་ལུས་ཉོ་ཚོང་གི་བྱ་སྤྱོད་ཚང་མར་ནུས་པ་མི་ལྡན་པ་ཡིན།