《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年02月11日

མང་ཚོགས་དང་སེམས་ཐག་ཉེ་བའི“སྲང་ལམ་དོ་དམ་པ”ཞིག

—— “བོད་ཀྱི་ཕུལ་བྱུང་མི་དམངས་ཉེན་རྟོག་པ”ཀུན་བཟང་ཆོས་ལྡན་གྱི་སྐོར་བཀོད་པ།

འདི་ནི་ཀུན་བཟང་ཆོས་ལྡན་གྱིས་སེམས་རྩ་འཁོལ་པོས་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་ལ་རོགས་རམ་བྱེད་བཞིན་པ།

ཁོང་གི་མིང་ལ་ཀུན་བཟང་ཆོས་ལྡན་ཟེར་ཞིང་། ལྷ་ས་གྲོང་ཁྱེར་བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་རྗེ་འབུམ་སྒང་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པའི་འགན་འཁུར་བཞིན་ཡོད་པ་དང་རིམ་པ་གཉིས་པའི་ཉེན་རྟོག་འགོ་དཔོན་ཞིག་རེད། ཉེན་རྟོག་པ་བྱས་ནས་ལོ་13སོང་ཚུན། ཁོང་གིས་མི་སྒེར་གྱི་བྱས་རྗེས་རིམ་པ་གཉིས་པ་ཐེངས་2བཞག་པ་དང“སྔོན་ཐོན་མི་སྒེར”གྱི་གཟི་བརྗིད་མཚན་སྙན་ཐེངས་5བླངས་ཡོད། 2024ལོར། ཁོང་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས“བོད་ཀྱི་ཕུལ་བྱུང་མི་དམངས་ཉེན་རྟོག་པར”བདམས་ཤིང་། ཁོང་ལ་ཐོབ་པའི་གཟི་བརྗིད་མཚན་སྙན་དང་གཟེངས་བསྟོད་རྟགས་མ་དེ་དག་ལས། ཁོང་གིས་གཞི་རིམ་ཉེན་རྟོག་ལས་དོན་ལ་དགའ་ཞེན་དང་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་ལུགས་གང་ལེགས་མཚོན་གྱི་ཡོད།

རང་ཉིད་དངོས་སུ་སྒོ་ར་ཆེ་མོ་དང་ཚོང་ཁང་ཚང་མར་འཚམས་འདྲིར་བསྐྱོད་ཚེ། གཞི་ནས་མང་ཚོགས་ཀྱི་ཁས་ལེན་རིམ་པས་ཐོབ་ཐུབ། ཀུན་བཟང་ཆོས་ལྡན་གྱིས་འདི་ནི་ཆེས་ཐོག་མ་དང་ལས་ཕྱོད་ཆེ་ཤོས་ཀྱི་ལས་ཀའི་བྱ་ཐབས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

ལོ་74ལ་སླེབས་པའི་རྒན་མོ་དབྱངས་ཅན་གཅིག་པུ་བདེ་སྐྱིད་ཁང་བཟང་སྒོ་རའི་ནང་སྡོད་ཀྱི་ཡོད། 2024ལོའི་ཟླ་8པའི་ཉིན་ཞིག་ཀུན་བཟང་ཆོས་ལྡན་དང་ལས་རོགས་ཁྱིམ་ཚང་དུ་འཚམས་འདྲིར་སྐྱོད་སྐབས། རྒན་མོ་ཞིག་རྐང་རྗེན་མར་རྩིག་འགྲམ་དུ་ཉི་མ་བསྲོས་ནས་བསྡད་ཡོད་པ་མཐོང་། ཁོང་གིས་རྒན་མོའི་འགྲམ་དུ་ཕྱིན་ཏེ་སྐད་ཆ་འདྲི་སྐབས། རྒན་མོ་དེར་ལྷམ་གཅིག་ལས་མེད་པ་དེ་རློན་པ་ཆགས་ནས་གྱོན་ཐབས་བྲལ་བ་ཤེས་འཕྲལ་ལམ་སེང་ཁྲོམ་ནས་ལྷམ་གསར་པ་ཞིག་ཉོས་ནས་རྒན་མོར་གཡོགས།

དགུན་ཁ་ཤར་རྗེས། དེ་སྔ་རྒན་མོར་ཉོས་པའི་ལྷམ་སྲབ་མོ་ཡིན་པ་བསམ་བློར་འཁོར་བས། ཟླ་12ཚེས་11ཉིན་ཁོང་གིས་སླར་ཡང་སྲིང་ལྷམ་གཅིག་ཉོས་ནས་རྒན་མོར་ལྟ་བར་ཕྱིན་ཏེ་ཉེ་དུས་ཀྱི་འཚོ་བའི་སྐོར་སྐད་ཆ་དྲིས་ཤིང་། ཁོང་གིས“དོན་དག་ཡོད་ཚེ་ང་ལ་ཁ་པར་རྒྱོབ་དང་། ང་ནི་ཁྱེད་ཚོའི་གཉེན་ཉེ་ཡིན”ཞེས་བརྗོད།

ལོ་13རིང་ཁོང་གི་ལས་ཀའི་རྣམ་འགྱུར་ལ་འགྱུར་ལྡོག་ཅི་ཡང་བྱུང་མེད་ཅིང་། ཀུན་བཟང་ཆོས་ལྡན་གྱིས་མི་སེར་དང་མཉམ་དུ་སྡོད་རྒྱུར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། “མང་ཚོགས་གཉེན་ཉེར་བརྩིས་ན་མང་ཚོགས་ཀྱིས་གཞི་ནས་ང་རང་གཉེན་ཉེར་བརྩི་གི་རེད”ཅེས་པ་ནི་ཁོང་གིས་ལས་དོན་ཁྲོད་བསགས་པའི་ཉམས་མྱོང་རྩ་ཆེན་ཞིག་རེད།

ཉེན་རྟོག་པའི་དཔུང་ཁག་ལ་ཞུགས་མ་ཐག་པའི་སྐོར་གླེང་སྐབས། ཀུན་བཟང་ཆོས་ལྡན་གྱིས“ལས་ཀར་ཞུགས་པའི་ཉིན་དང་པོར་རྒན་ལགས་ཀྱིས་ང་རང་ཁོངས་གཏོགས་ཁུལ་དུ་འཚམས་འདྲིར་ཁྲིད་བྱུང་། འོན་ཀྱང་མཐར་ང་རང་ལམ་ནོར་ཐེབས་འདུག དེ་རྗེས་ངས་ཉིན་ལྟར་སྲང་ལམ་དུ་ཐེངས་མང་བསྐྱོད་ཀྱི་ཡོད་འཚམས་འདྲིར་ཡང་ཡང་སེ་འགྲོ་གི་ཡོད། དཀའ་ལས་ཁག་པོ་མི་འདུག”ཅེས་བརྗོད། དེ་ལྟར་ལོ་མང་རྒྱུན་འཁྱོངས་བྱས་པས་ཁོང་ལ་རིམ་བཞིན་མང་ཚོགས་ཀྱི་ཁས་ལེན་ཐོབ་ནས་ཉེན་རྟོག་པ་དང་མང་ཚོགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་སྤྲོ་སྣང་ཡང་ཚོར་ཡོད།

“ཀུན་བཟང་། བདེ་གསལ་སྒོ་ར་ཆེ་མོའི་ནང་རྩོད་གཞི་ཞིག་ཐོན་འདུག ཁྱེད་རང་འདི་གར་ཡོང་ན་འགྲིག་གམ” “འགྲིག་དང་འགྲིག ང་ལམ་སེང་ཡོང་ཆོག” འགལ་བ་དང་རྩོད་གཞི་འདི་ལྟ་བུ་ཀུན་བཟང་ཆོས་ལྡན་གྱིས་ཉིན་ལྟར་ཐག་གཅོད་ཐེངས་མང་པོ་བྱེད་ཀྱི་ཡོད།

གྲོང་མིའི་སྒོ་ར་ཆེ་མོ་རྒྱ་ཆེན་པོ་མེད་ཅིང་། བོད་རིགས་དང་། རྒྱ་རིགས། ཧུད་རིགས། སོག་རིགས་སོགས་མི་རིགས་ཁག་གི་མང་ཚོགས་འདུས་སྡོད་བྱེད་ཀྱི་ཡོད་པས་མི་སྣའི་གྲུབ་ཆ་བལྟོས་བཅས་ཀྱིས་རྙོག་འཛིང་ཆེན་པོ་ཡོད། མང་ཚོགས་ཀྱི་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བའི་ཁྲོད། སྤྱི་པའི་ས་ཁོངས་ཁ་གསལ་པོ་མེད་པའི་རྐྱེན་གྱིས་རྩོད་གཞི་རྟག་ཏུ་ཐོན་གྱི་ཡོད་པ་མ་ཟད། ད་དུང་སྨན་པ་བསྟེན་པ་དང་ཚོང་གཉེར་སོགས་ཀྱི་གནད་དོན་གྱིས་རྐྱེན་པས་འགལ་བ་དང་རྩོད་གཞི་ཐོན་གྱི་ཡོད། སྐོར་སྐྱོད་རྣམ་པའི་འདུམ་འགྲིག་ལམ་སྲོལ་ལག་བསྟར་བྱས་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་ཆེད། ཀུན་བཟང་ཆོས་ལྡན་དང་ལས་རོགས་ཚོས་དུས་རབས་གསར་པའི“ཧྥུང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ཞིང་། རྗེ་འབུམ་སྒང་མངགས་གཏོང་ཁང་གི“བཀྲ་ཤིས་འདུམ་འགྲིག་ཁང”ལ་བརྟེན་ནས་གྲོང་མིའི་སྒོ་ར་ཆེ་མོ་ཁག་ཏུ“བཀྲ་ཤིས་ཁོང་ཡངས་སེམས་འབྲེལ་ཁང”བཙུགས་པ་དང་། ཁོང་གིས་རང་འགུལ་ངང་འདུམ་འགྲིག་པའི་ལས་འགན་ཁུར་ཡོད།

2023ལོའི་ཟླ་11པར་ལྷ་སའི་གྲོང་ཁྱེར་དང་གྲོང་གསེབ་ཁག་ཏུ་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོ་བྱས་ཚུན། ཀུན་བཟང་ཆོས་ལྡན་གྱིས་རང་དཔེ་གཞན་སྟོན་དང་རང་འགུལ་ངང་ལས་དོན་དེའི་ཁྲོད་ཞུགས་ཏེ། གྲོང་མི་ཨུ་ལྷན་དང“གཉིས་ལྡན་དུད་སྦྲེལ”དང་མཉམ་དུ“སྲང་ལམ་དོ་དམ་པ་ཡག་ཤོས”ཀྱི་དཔྱད་འདེམས་བྱེད་སྒོ་སྤེལ་བ་རེད།

ཚང་མའི་ཐུན་མོང་འབད་བརྩོན་འོག ཁྲོམ་གཞུང་དང་སྲང་ལམ་རྙིང་པ་ནས་རིམ་བཞིན་གྲལ་བསྒྲིགས་ལ་གོ་རིམ་ལྡན་པའི་རྣམ་པ་ཞིག་མངོན་པ་དང་མང་ཚོགས་ཕྱིར་སྐྱོད་ལ་དེ་བས་སྟབས་བདེ་བྱུང་ཞིང་། སྡེ་ཁུལ་གྱི་གྲོང་མིས“ཁོང་ནི་ང་ཚོའི་ཁོངས་གཏོགས་ཁུལ་གྱི་དོ་དམ་པ་ཡག་པོ་ཞིག་རེད”ཅེས་བརྗོད་ཀྱི་ཡོད།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)